ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་ཐཱན་ཉུང་དཔལ་འབྱོར་དུ་བར་བརྒལ་བྱེད་པར་ཆ་རྐྱེན་སྐྲུན་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་བསྟན་དོན། ཨུ་རུ་སི་ཡིས་ཧུར་ཐག་སྒོས་བྱ་བ་སྤེལ་ཏེ། ཐཱན་ཉུང་དཔལ་འབྱོར་དུ་བར་བརྒལ་བྱེད་པར་ཆ་རྐྱེན་སྐྲུན་བཞིན་ཡོད་ཟེར། 

ཕུའུ་ཅིན་ཉིན་དེར་བརྙན་རིས་ཀྱི་ལམ་ནས་སྤེལ་བའི་ཨུ་རུ་སི་དང་ཧཱ་སག་སི་ཐན་གྱི་ས་གནས་མཉམ་ལས་གླེང་སྟེགས་སྐབས་བཅུ་བདུན་པར་ཞུགས་སྐབས་བསྟན་དོན། ཨུ་རུ་སི་ཡིས་དཔལ་འབྱོར་ཐཱན་འབྲལ་ལམ་ཐིག་རི་མོ་གཏན་འབེབས་བྱེད་བཞིན་ཡོད་ཅིང་། ས་གནས་དཔལ་འབྱོར་ལག་རྩལ་གྱི་གསར་བསྒྱུར་དང་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བར་མཐོང་ཆེན་བྱས་ཏེ། ས་གནས་སྲིད་གཞུང་དང་ཚོང་ལས་ལས་ཁུངས་ཀྱིས་ཐཱན་ཉུང་ནུས་ཁུངས་ཀྱི་བསྡུར་ཚད་ཇེ་མང་དུ་གཏོང་བར་སྐུལ་འདེད་བྱེད་བཞིན་ཡོད་ཟེར། 

ཁོས་བཤད་རྒྱུར། ཨུ་རུ་སི་ཡིས་བྱེད་ཐབས་སྤྱད་དེ་ཡང་བསྐྱར་བེད་སྤྱོད་བྱེད་མི་ཐུབ་པའི་འབར་རྫས་ཀྱི་ཐོན་སྐྱེད་དང་སྐྱེལ་འདྲེན་ལས་བཟོས་པའི་མཁའ་དབུགས་སྦགས་བཙོག་ཇེ་ཉུང་དུ་གཏོང་བཞིན་ཡོད་པ་དང་། རྡོ་སྣུམ་གྱི་སྔོག་འདོན་ཁྱབ་ཁོངས་དེ་དེང་རབས་ནུས་མཐོའི་མ་ལག་ཏུ་ཁྲིད་ནས་འབྲེལ་ཡོད་ཀྱི་ཉམས་མྱོང་མང་བོ་བསགས་ཡོད་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཧུར་ཐག་སྒོས་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་སྣ་མང་ཅན་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་ཉིས་སྟོང་སོ་ལྔ་ལོའི་བར་ཨུ་རུ་སིའི་གཤེར་གཟུགས་རང་བྱུང་སོལ་རླངས་ཀྱི་ལོ་ཧྲིལ་བོའི་ཐོན་ཚད་ཏུན་དུང་ཕྱུར་གཅིག་དང་བྱེ་བ་བཞིར་བསླེབ་ཐུབ་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།