ཀྲུང་གོ་བོད་ཀྱི་དྲ་བ།

ནེའུ་ཙེ་ལན་འཇིགས་སྐུལ་ངོ་རྒོལ་བཅའ་ཁྲིམས་གསར་བར་གྲོས་མཐུན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེའུ་ཙེ་ལན་གྱི་འཇིགས་སྐུལ་ངོ་རྒོལ་བཅའ་ཁྲིམས་གསར་བར་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་རྒྱལ་ཚོགས་ནས་གྲོས་འཆམ་བྱུང་སྟེ་དངོས་གཞིའི་བཅའ་ཁྲིམས་སུ་གྱུར། བཅའ་ཁྲིམས་དེས་འཇིགས་སྐུལ་འཇབ་རྒོལ་སྤེལ་བར་འཆར་འགོད་དང་གྲ་སྒྲིག་བྱེད་པ་དེ་ཉེས་ཁྲིམས་ནང་བཞག་པ་དང་། བཅའ་ཁྲིམས་ལག་བསྟར་ལས་ཁུངས་ལ་སྔར་ལས་ཆེ་བའི་སྔོག་བཤེར་དང་ལྟ་ཞིབ་དབང་ཆ་བསྩལ་ཡོད། 

བཅའ་ཁྲིམས་དེ་ལས་ཉིས་སྟོང་གཉིས་ལོའི་འཇིགས་སྐུལ་རིང་ལུགས་གཏན་འགོག་བཅའ་ཁྲིམས་དང་ཉིས་སྟོང་བཅུ་གཉིས་ལོའི་སྔོག་བཤེར་དང་ལྟ་ཞིབ་བཅའ་ཁྲིམས་ལ་བཟོ་བཅོས་བྱས་ཏེ། འཇིགས་སྐུལ་འཆར་འགོད་དང་གྲ་སྒྲིག་བྱེད་པའི་བྱ་སྤྱོད་དེ་ཉེས་དོན་ནག་ཉེས་སུ་གཏན་འཁེལ་བྱས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་འཇིགས་སྐུལ་ངོ་རྒོལ་གྱོད་དོན་ཐག་གཅོད་བྱེད་སྐབས་དུས་ངེས་མེད་དུ་སྔོག་བཤེར་དང་ལྟ་ཞིབ་བྱེད་པའི་དབང་ཆ་སྟེར་བར་ཆོག་མཆན་ཐོབ། བཅའ་ཁྲིམས་དེ་ལས་ད་རུང་འཇིགས་སྐུལ་རིང་ལུགས་ཀྱི་དངུལ་གསོག་ནག་ཉེས་ཀྱི་མཚན་ཉིད་ཁྱབ་ཁོངས་དེ་འཇིགས་སྐུལ་རིང་ལུགས་ཀྱི་མི་སྒར་དང་ཚོགས་པར་རྣམ་པ་མི་འདྲ་བའི་རྒྱབ་སྐྱོར་བྱས་པའི་བར་རྒྱ་བསྐྱེད་རྒྱུ་རེད། 

ནེའུ་ཙེ་ལན་གྱི་ཁྲིམས་འཛིན་པུའུ་ཀྲང་ཁི་ལི་སི་ཧྥ་ཧྥུའུ་དབྱེ་ཡིས་བཤད་རྒྱུར། འཇིགས་སྐུལ་ངོ་རྒོལ་བཅའ་ཁྲིམས་དེས་ནེའུ་ཙེ་ལན་གྱི་བཅའ་ཁྲིམས་འཐུས་ཚང་དུ་བཏང་ཡོད་པ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འགྱུར་ལྡོག་འབྱུང་བཞིན་པའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་བཏང་སྟེ་སྔར་ལས་ལྷག་པར་མི་དམངས་ལ་སྲུང་སྐྱོབ་བྱེད་ཐུབ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།