དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་བརྒལ་བའི་དམ་བཅའ་ཁས་ལེན་བྱེད་མི་སྲིད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉེ་སྔོན་ཧྥ་རན་སིའི་འཛམ་གླིང་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་བརྒལ་བའི་དམ་བཅའ་ཁས་ལེན་བྱེད་མི་སྲིད་པ་དང་། དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བའི་རེ་བ་འདོན་པའི་ཐད་ནས་ཀྱང་ཀུ་ཡངས་གཏོང་མི་སྲིད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བསྟན་དོན། དབྱི་ལིང་གི་སྲིད་གཞུང་གསར་བས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཇི་ལྟར་སླར་གསོ་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཀྱང་། དེའི་སྔོན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་རུ་སྤེལ་བའི་གྲོས་མོལ་ལ་ཡང་བསྐྱར་དཔྱད་ཞིབ་བྱེད་དགོས་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པ་དང་དབྱི་ལིང་ལ་ཕྱོགས་ནས་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ཏེ། དབྱི་ལིང་གི་མི་དམངས་ལ་གནོད་སྐྱེལ་བ་དང་། དབྱི་ལིང་གི་དཔལ་འབྱོར་ཐད་མེ་སྒོར་ཐེར་འབུམ་མང་བོའི་གྱོང་གུད་བཟོས་ཡོད་ལ། ཐ་ན་དབྱི་ལིང་བར་ཚོང་ལས་འགྲོ་འོང་བྱེད་འདོད་པའི་རྒྱལ་ཁབ་དག་ལའང་ཆད་གཅོད་བྱས་ཡོད། ཨ་མེ་རི་ཁའི་ད་ལྟའི་སྲིད་གཞུང་གིས་ངེས་པར་དུ་སྐབས་སྔོན་མའི་སྲིད་གཞུང་གི་ཤུལ་བཞག་སྲུང་འཛིན་བྱེད་མིན་ཐག་གཅོད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།