ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གིས་རྒྱལ་དམངས་གྲོས་ཁང་གི་འདེམས་བསྐོའི་སྐབས་སུ་རྒྱལ་ནང་གི་གནམ་གྲུ་ཐང་དང་མཐའ་མཚམས་འགག་སྒོ་ཡོད་ཚད་ཀྱི་སྒོ་རྒྱག་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་སྨྱན་བྱད་ཀྱིས་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན།  དབྱི་རག་གིས་ཟླ་བཅུ་བའི་ཚེས་བཅུ་ཉིན་སྤེལ་བར་གཏན་ཁེལ་བྱས་ཡོད་པའི་རྒྱལ་དམངས་གྲོས་ཁང་གི་འདེམས་བསྐོའི་སྐབས་སུ། རྒྱལ་ནང་གི་གནམ་གྲུ་ཐང་དང་མཐའ་མཚམས་འགག་སྒོ་ཚང་མའི་སྒོ་བརྒྱབ་སྟེ་འདེམས་བསྐོ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་རྒྱུ་རེད།

དབྱི་རག་གསར་འགྱུར་ཁང་གིས་འདེམས་བསྐོའི་བདེ་འཇགས་ལ་འགན་ཁུར་བའི་མི་སྣའི་སྐད་ཆ་དྲངས་ནས་བཤད་རྒྱུར།  ཟླ་བཅུ་བའི་ཚེས་དགུ་ནས་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོའི་བར་དུ།  དབྱི་རག་གིས་གནམ་གྲུ་ཐང་དང་མཐའ་མཚམས་འགག་སྒོ་ཡོད་ཚད་ཀྱི་སྒོ་བརྒྱག་རྒྱུ་ཡིན་པ་དང་།   དེ་མིན།   འདེམས་བསྐོའི་སྐབས་སུ་འཕྲུལ་རྟ་སྐོར་མི་ཆོག་པའི་གཏན་ཁེལ་བྱས་ཡོད་ཀྱང་།   འདེམས་དམངས་ཚང་མ་འཕྲུལ་རྟ་མིན་པའི་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་དེ་འདེམས་ཤོག་འཕེན་སར་ཡོང་ནས་འདེམས་ཤོག་འཕང་ཆོག་ཟེར།

དབྱི་རག་སྒེར་ཚུགས་མཐོ་རིམ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གཞི་གྲངས་ལྟར་ན།     འདེམས་སྒུག་པ་སྟོང་གསུམ་དང་ཉིས་བརྒྱ་ཞེ་དགུ་ཡིས་སྐབས་གསར་པའི་རྒྱལ་དམངས་གྲོས་ཁང་གི་གོ་གནས་སུམ་བརྒྱ་དང་ཉེར་དགུ་འགྲན་རྩོད་བྱེད་རྒྱུ་ཡིན།  ཐེངས་འདིའི་འདེམས་བསྐོར་ཐོ་འགོད་བྱས་པའི་འདེམས་དམངས་བྱེ་བ་གཉིས་དང་ས་ཡ་བཞི་ཡོད་པ་དང་།   དབྱི་རག་རྒྱལ་ཡོངས་སུ་བསྡོམས་པས་འདེམས་ཤོག་འཕེན་ས་སྟོང་བརྒྱད་དང་ཉིས་བརྒྱ་དོན་གསུམ་བཀོད་སྒྲིག་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།