ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་པ་གཞོན་པ་ཀུན་ཧྲོང་གིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་སྔ་མོ་ནས་འདྲ་མཉམ་གྲོས་མོལ་འགོ་རྩོམ་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་པ་གཞོན་པ་ཀུན་ཧྲོང་གིས་ཚེས་ཉེར་དགུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕ་ལེ་སི་ཐན་དབུས་ཤར་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་དེ།    ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་སྔ་མོ་ནས་འདྲ་མཉམ་གྲོས་མོལ་འགོ་རྩོམ་དགོས་པའི་འབོད་སྐུལ་བཏང་།

ཀུན་ཧྲོང་གིས་བཤད་རྒྱུར།   ཅ་ཧྲའི་འཁྲུག་རྩོད་བྱུང་ནས་ཟླ་བཞི་ལྷག་འགོར་བ་དང་།    ཕ་ལེ་སི་ཐན་གྱིས་བཙན་བཟུང་བྱས་པའི་མངའ་ཁོངས་ཀྱི་གནས་བབ་སྔར་བཞིན་ཟང་ཟིང་དུ་གྱུར་ཡོད།    ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་དང་ལྷག་པར་དུ་དབྱི་སི་རལ་གྱིས་བཟོད་སྒོམ་རྒྱུན་འཁྱོངས་བྱས་ཏེ་མྱུར་དུ་དགྲ་འཛིན་འགུལ་སྐྱོད་མཚམས་བཞག་ནས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ལ།   དབྱི་སི་རལ་ཕྱོགས་ལ་ཅ་ཧྲའི་འབྲེལ་ཡོད་གྲུ་ཁ་སྔར་ལས་སྒོ་འབྱེད་བྱས་ཏེ་མི་ཆོས་དང་བསྐྱར་སྐྲུན་དངོས་ཟོག་ཅ་ཧྲ་རུ་སྐྱེལ་བའི་འགན་རྐྱེན་སེལ་རོགས་བྱེད་པར་མ་ཟད།    མགྱོགས་མྱུར་སྒོར་ཅ་ཧྲའི་བཀག་སྡོམ་ཁྱོན་ཡོངས་ནས་མེད་པར་བྱེད་པའི་འགན་འཁྲི་ཡོད།      བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གསུམ་གསུམ་བཞིའི་ནང་དུ།   ཕ་ལེ་སི་ཐན་གྱིས་བཙན་བཟུང་བྱས་པའི་མངའ་ཁོངས་སྟེང་གི་གཞིས་ཆགས་བྱ་འགུལ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པ་གསལ་བོར་བསྟན་ཡོད།   ཀྲུང་གོས་དབྱི་སི་རལ་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་གྲོས་ཆོད་ཀྱི་བླང་བྱ་ལྟར།  རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དང་ཨ་རབ་ཞི་བདེ་གྲོས་གཞིའི་བགྲོད་ལམ་ཡང་དག་སྟེང་བསྐྱོད་པར་སྐུལ་མ་བཏང་བ་ཡིན་ཟེར།

ཀུན་ཧྲོང་གིས་བཤད་རྒྱུར།   ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ཡིས་གྲོལ་མ་ཐག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐེངས་དོན་དྲུག་པའི་སྤྱིར་བཏང་རང་བཞིན་གྱི་དཔྱད་གླེང་གཏམ་བཤད་ཁྲོད་དུ།     ས་མཚམས་དང་མཇུག་མཐའི་གོ་གནས་གནད་དོན་ཐག་གཅོད་འདོད་ཡོད་པའི་ཚུལ་བསྟན།     ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཟླ་བརྒྱད་པའི་ཟླ་མཇུག་ལ་མཐོ་རིམ་གྲོས་མོལ་ཐེངས་འགར་བྱས་པ་དང་།   ཀྲུང་གོ་ཕྱོགས་ཀྱི་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་དེ་གོ་སྐབས་སུ་བྱས་ནས་རིམ་བཞིན་ཡིད་ཆེས་སླར་གསོ་བྱེད་པ་དང་།    ཞི་བའི་གྲོས་མོལ་འཐབ་ཇུས་རྒྱུན་འཁྱོངས་བྱས་ནས་སྔ་མོ་ནས་འདྲ་མཉམ་གྲོས་མོལ་འགོ་རྩོམ་པའི་རེ་བ་བྱས་ཡོད་ཟེར།

ཀུན་ཧྲོང་གིས་བཤད་རྒྱུར།   ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་དབྱི་སི་ལན་མཉམ་ལས་རྩ་འཛུགས་སོགས་དང་མཉམ་དུ་མཐུན་སྦྱོར་ལ་ཤུགས་བསྣན་ནས་མཉམ་ལས་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་།    མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་དབུས་ཤར་ཞི་བདེའི་འཕེལ་རིམ་ཁྲོད་ཞུགས་མཁན་ཕྱོགས་ཁག་ཞུགས་ཡོད་པའི་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུ་སྤེལ་བར་རྒྱབ་སྐྱོར་བྱེད་ངེས་ཡིན་ལ།  ཤུགས་རྐྱེན་ཆེན་པོ་ཡོད་པའི་རྒྱལ་ཁབ་ཀྱིས་ལུགས་མཐུན་གྱི་ལངས་གནས་སྲུང་འཛིན་བྱས་ཏེ་ཕ་ལེ་སི་ཐན་གནད་དོན་ཐད་ཕྱོགས་རིས་མེད་པར་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།

ཀུན་ཧྲོང་གིས་བཤད་རྒྱུར།   འདས་པའི་ཉིན་འགའི་རིང་གི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་དཔྱད་གླེང་ཁྲོད་དུ།    ཕ་ལེ་སི་ཐན་གྱི་གནད་དོན་ནི་གླེང་བ་ཆེས་མང་པའི་ས་ཁུལ་གྱི་གནད་དོན་གཙོ་བོ་ཞིག་ཡིན།    རྒྱལ་ཁབ་མང་པོ་ཞིག་གིས་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁེ་དབང་བརྩོན་ལེན་བྱེད་པའི་དྲང་གཞག་ལས་དོན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་།     རྒྱལ་ཁབ་གཉིས་པོའི་ཇུས་གཞི་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་མ་ཟད།     གྲོས་མོལ་བརྒྱུད་དེ་ཕ་ལེ་སི་ཐན་གྱི་གནད་དོན་ཁྱོན་ཡོངས་དང་དྲང་གཞག    ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད།   དེ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སེམས་འདུན་དང་རྒྱལ་སྤྱིའི་དྲང་བདེན་དྲང་གཞག་མཚོན་པར་བྱས་ཡོད།  ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕ་ལེ་སི་ཐན་མི་དམངས་ཀྱི་དཀའ་གནད་ཐག་གཅོད་པ་དང་།   དབུས་ཤར་ས་ཁུལ་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་ཐད་འབད་བརྩོན་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།