ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གོང་མ་ཚང་མཁའ་འགྲུལ་ཀུང་ཟིས་སི་རི་ཡཱའི་བར་གྱི་གནམ་གྲུ་སླར་གསོ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅོར་ཏན་གྱི་འགྲིམ་འགྲུལ་བློན་ཆེན་ཨ་ཀྲ་དབྱེ་ཙེ་ཡིས་ཚེས་ཉེར་བརྒྱད་ཉིན་ཁྱབ་བསྒྲགས་བྱས་དོན། ཅོར་ཏན་གོང་མ་ཚང་མཁའ་འགྲུལ་ཀུང་ཟིས་ཟླ་བཅུ་བའི་ཚེས་གསུམ་ཉིན་ནས་བཟུང་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་བར་གྱི་གནམ་གྲུ་སླར་གསོ་བྱེད་པར་ཆོག་མཆན་བཀོད། གནམ་གྲུའི་གཏོང་ཐེངས་དེ་སི་རི་ཡཱར་ནང་འཁྲུག་བྱུང་བའི་དབང་གིས་ལོ་བཅུ་ཙམ་ལས་མཚམས་བཞག་པ་རེད། 

ཨ་ཀྲ་དབྱེ་ཙེ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། གནམ་གྲུ་དེར་སྡོད་པའི་འགྲུལ་བ་དག་གིས་ངེས་པར་དུ་ཅོར་ཏན་གྱི་རིམས་འགོག་གཏན་འཁེལ་བརྩི་སྲུང་བྱེད་དགོས་པ་དང་། ཏཱ་མཱ་ཧྲི་ཀི་ནས་ཡོང་བའི་འགྲུལ་བས་ངེས་པར་དུ་དུས་ཚོད་དོན་གཉིས་ནང་གི་པྲོག་གསར་གློ་ཚད་རིམས་ནད་ནད་དུག་གི་ཉིང་སྐྱུར་ཞིབ་བཤེར་བདེན་དཔང་འདོན་སྤྲོད་བྱེད་དགོས་ལ། ཨན་མན་གནམ་གྲུ་ཐང་དུ་འབྱོར་རྗེས་ངེས་པར་དུ་ཉིང་སྐྱུར་ཞིབ་བཤེར་ཐེངས་གཅིག་བྱས་ཏེ་མཇུག་འབྲས་རྒྱུན་ལྡན་ཡིན་ན་ཅོར་ཏན་གྱི་མངའ་ཁོངས་སུ་ཡོང་ཆོག་པ་ཡིན་ཟེར། 

ཅོར་ཏན་གྱི་ཕའེ་ཐི་ལཱ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། གོང་གི་གྲོས་ཆོད་ལ་ཨན་མན་གྱིས་སྤེལ་བའི་ཚོགས་ཡུན་ཉིན་གཉིས་ཡིན་པའི་ཅོར་ཏན་དང་སི་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་པུའུ་ཀྲང་དང་དཔོན་རིགས་ཀྱི་གྲོས་མོལ་ཚོགས་འདུའི་སྟེང་གྲོས་འཆམ་བྱུང་བ་རེད། གྲོས་ཚོགས་དེ་ཚེས་ཉེར་བརྒྱད་ཉིན་གྲོལ་བ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགྲིམ་འགྲུལ་དང་ནུས་ཁུངས། ཆུ་བེད། ཞིང་ལས། བཟོ་ལས། ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།