ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་སྡེ་བ་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་སོ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་དཔོན་རིགས་ཀྱིས་ཚེས་ཉེར་བདུན་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཁཱ་ཏུའུ་ནཱ་མངའ་སྡེའི་སྡེ་བ་ཞིག་ལ་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། མི་སོ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག་ཟེར། 

ཁཱ་ཏུའུ་ནཱ་མངའ་སྡེའི་ནང་སྲིད་སྡེ་ཁག་གི་འགན་ཁུར་བ་ཨ་ལུའུ་ཝན་གྱིས་གསལ་སྒྲོག་ཅིག་གི་ནང་བསྟན་དོན། དྲག་ཆས་ཉེས་ཅན་སྐོར་ཞིག་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་མངའ་སྡེ་དེའི་ཁའོ་ལཱ་ས་ཁུལ་གྱི་སྡེ་བ་ཞིག་ཏུ་ཡོང་ནས། སྡེ་མིར་འཇབ་རྒོལ་བྱས་པར་མ་ཟད་ཁང་བ་མེར་བཏང་། ཉེ་འདབས་སུ་བཅའ་སྡོད་བྱས་ཡོད་པའི་བདེ་འཇགས་དམག་དཔུང་ལ་བརྡ་འབྱོར་རྗེས་མྱུར་མོར་སྡེ་བ་དེར་སོང་ནས་འཁྲུག་རྩོད་དྲག་པོ་བྱས་མཐར་དྲག་ཆས་ཉེས་ཅན་མཐར་སྐྲོད་བཏང་། བདེ་འཇགས་དམག་དཔུང་གིས་སྙན་ཞུ་བྱས་པ་ལྟར་ན། སྡེ་མི་སོ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག་ཡོད་ཟེར། 

ཨ་ལུའུ་ཝན་གྱིས་བཤད་རྒྱུར། མིག་སྔར་བདེ་འཇགས་དམག་དཔུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱས་པ་དང་། བྲོས་བྱོལ་བྱེད་པའི་དྲག་ཆས་ཉེས་ཅན་གཞན་པའི་རྗེས་འདེད་བྱེད་བཞིན་ཡོད་ཟེར། 

ཉེ་བའི་ཟླ་ངོ་འགའི་ནང་། ནེ་ཀྲི་རི་ཡཱ་ནས་བསྟུད་མར་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་མང་བོར་ཤི་རྨས་ཐེབས་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།