ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་དམག་དཔུང་གིས་ཕཱ་ལེ་སི་ཐན་གྱི་མི་ལྔ་བསད་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་མིས་ཕཱ་ལེ་སི་ཐན་གྱི་མི་ལྔ་བསད་པར་རྒོལ་གཏམ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཅེ་ཉིང་ཞིང་ཆེན་དང་ཡེ་ལུའུ་སཱ་ལེམ་བྱང་ངོས་སུ་ནག་ཉེས་བྱ་སྤྱོད་ཐེངས་གཉིས་སྤེལ་བ་དང་། ཕཱ་ལེ་སི་ཐན་གྱིས་དོན་དེར་རྒོལ་གཏམ་བཏང་བ་ཡིན་ཟེར། དེ་ནི་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་ལ་རྒྱུན་ཆད་མེད་པར་བཟོས་པའི་ནག་ཉེས་བྱ་སྤྱོད་ཅིག་ཡིན་པ་དང་། གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་སྲིད་ལ། དབྱི་སི་རལ་གྱིས་གནས་བབ་ཛ་དྲག་ཏུ་གྱུར་བར་ཐད་ཀར་དུ་འགན་ཡོངས་སུ་ཁུར་དགོས་ཟེར། 

ཅེ་ཉིང་ཞིང་ཆེན་གྱི་ཧྲིན་ཀྲང་ལཱ་ཀྲུའུ་པུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་མི་ཉིན་དེར་ཅེ་ཉིང་ནུབ་ཕྱོགས་ཀྱི་པུའུ་ཨར་ཀིན་གྲོང་རྡལ་དུ་སོང་ནས། ཕཱ་ལེ་སི་ཐན་གྱི་མི་གཉིས་བསད་ཟེར། ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཁས་ལེན་བྱས་པ་ལྟར་ན། ཡེ་ལུའུ་སཱ་ལེམ་བྱང་ངོས་སུ་ཕཱ་ལེ་སི་ཐན་གྱི་མི་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

དབྱི་སི་རལ་དམག་ཕྱོགས་ཀྱིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་ལྔ་ཉིན་གྱི་ནམ་གུང་ནས་ཚེས་ཉེར་དྲུག་ཉིན་གྱི་ཞོགས་པའི་བར་བདེ་འཇགས་འགུལ་སྐྱོད་སྤེལ་སྐབས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཁོངས་མི་བཞི་བསད་པ་དང་། དེའི་ནང་ཡེ་ལུའུ་སཱ་ལེམ་བྱང་ངོས་ཀྱི་ཨ་ནན་གྲོང་རྡལ་ནས་ས་དེའི་དྲག་ཆས་མི་སྣར་འཁྲུག་རྩོད་བྱས་ཏེ་མི་གསུམ་བསད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།