ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཐེངས་འདིའི་གྲོས་ཁང་ཞོལ་མའི་འདེམ་བསྐོ་དེ་ཁྲིམས་མཐུན་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་ལྔ་ཉིན་བསྟན་དོན། སྤེལ་མ་ཐག་པའི་སྐབས་བརྒྱད་པའི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་འཕེལ་རིམ་དེ་སྒོ་འབྱེད་ཡིན་པ་དང་། ཨུ་རུ་སིའི་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་ཡོངས་སུ་མཐུན་པ་ཡིན་ཟེར། 

བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་བརྙན་རིས་ཀྱི་རྣམ་པས་སྐབས་གསར་བའི་གྲོས་ཁང་ཞོལ་མའི་སྲིད་ཏང་ལྔའི་མགོ་ཁྲིད་པར་ཐུག་འཕྲད་བྱས། ཁོས་བཤད་རྒྱུར། དེ་ནི་གཅིག་སྟོང་དགུ་བརྒྱ་གོ་དགུ་ལོའི་ཚུན་ལ་སྲིད་ཏང་བཞིའི་ཡན་ཐོག་དང་པོར་གྲོས་ཁང་ཞོལ་མར་ཞུགས་པ་ཡིན། དེ་ལས་ཨུ་རུ་སིའི་དམངས་གཙོ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཆབ་སྲིད་སྟོབས་ཤུགས་ཚང་མར་གོ་སྐབས་འདོན་སྤྲོད་བྱེད་ཀྱིན་ཡོད་པ་གསལ་བཤད་བྱེད་ཐུབ་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སིའི་རྩ་ཁྲིམས་གསར་བ་ལྟར་ན། གྲོས་ཁང་ཞོལ་མའི་ནུས་པ་ལྡབ་འགྱུར་གྱིས་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། འགན་འཁྲི་ཡང་སྔར་ལས་ལྗིད། ཁོས་ཏང་ཁག་སོ་སོས་འགྲན་རྩོད་སྐབས་ཀྱི་དམ་བཅའ་ལག་ལེན་དུ་བསྟར་ནས། རྒྱལ་ཁབ་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པར་ཞབས་འདེགས་ཞུ་དགོས་པའི་རེ་བ་བཏོན། 

ཐེངས་འདིའི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་བྱ་འགུལ་དེ་ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅུ་དགུའི་ཉིན་བར་སྤེལ། ཨུ་རུ་སིའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕཱ་མུའུ་ཧྥེ་ལོ་ཝ་ཡིས་ཚེས་ཉེར་བཞིའི་ཉིན་ཁྱབ་སྒྲོག་བྱས་པའི་འདེམ་བསྐོའི་མཇུག་འབྲས་ལྟར་ན། བསྡོམས་པས་སྲིད་ཏང་ལྔ་གྲོས་ཁང་ཞོལ་མར་ཞུགས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།