ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་སླར་གསོ་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་ལྔ་ཉིན་ཨ་མེ་རི་ཁས་སྔར་ལས་ལྷག་པའི་ནུས་པ་འདོན་སྤེལ་བྱས་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར་དབྱིན་ཇི་དང་ཧྥ་རན་སི། ཨུ་རུ་སི། ཀྲུང་གོ། འཇར་མན་བཅས་དང་མཉམ་དུ་དབྱི་ལིང་བར་ཉིང་རྡུལ་ནུས་པའི་གྲོས་མཐུན་བཀོད་པ་རེད། དེ་བས་ཨ་མེ་རི་ཁས་དོན་དེར་འབྲེལ་བའི་གནད་དོན་གང་རུང་ཐག་གཅོད་བྱེད་པར་ཞུགས་ཏེ་ནུས་པ་འདོན་དགོས་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ང་ཚོས་གང་མགྱོགས་སྒོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་སླར་གསོ་བྱེད་པར་རེ་བཞིན་ཡོད་ཟེར། ཁོས་བསྟན་དོན། ཨ་མེ་རི་ཁ་གྲོས་མཐུན་ལས་ཕྱིར་བུད་རྗེས། དབྱི་ལིང་གིས་མུ་མཐུད་དུ་ལྷག་བསམ་རྣམ་དག་གིས་གྲོས་མཐུན་བརྩི་སྲུང་བྱས་པ་དང་། ཨ་མེ་རི་ཁའི་རྣམ་རིག་ཇེ་གསལ་དུ་སོང་ནས་ཡང་བསྐྱར་གྲོས་མཐུན་ནང་ཞུགས་པར་རེ་བཞིན་ཡོད་ཟེར། 

དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཚེས་ཉེར་གཅིག་ཉིན་སྐབས་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་གང་འདོད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་སྐབས་སུ་མུ་མཐུད་དུ་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པའི་བྱ་སྤྱོད་ལ་སྐྱོན་འཛུགས་བྱས་པར་མ་ཟད། དེ་ནི་ཨ་མེ་རི་ཁའི་བཙན་དབང་རིང་ལུགས་ཀྱི་མཚོན་རྟགས་ཡིན་པས། དབྱི་ལིང་གི་ཨ་མེ་རི་ཁའི་སྲིད་གཞུང་གིས་བཏོན་པའི་དམ་བཅའ་གང་རུང་ལ་ཡིད་ཆེས་གཏན་ནས་བྱེད་མི་སྲིད་པ་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།