ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཁི་སི་ཐན་གྱི་ཙུང་ལི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་ཐ་ལེ་པན་གྱིས་དམ་བཅའ་ལག་བསྟར་བྱེད་པར་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་གྱིས་ཚེས་24ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་བརྙན་ལམ་བརྒྱུད་ནས་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་གཏམ་བཤད་སྤེལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་ཐ་ལེ་པན་གྱིས་དམ་བཅའ་ལག་བསྟར་བྱེད་པར་སྐུལ་མ་བཏང་སྟེ་ཨ་ཧྥུའུ་ཧན་གྱི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

དབྱི་མུའུ་ལན་ཧན་གྱིས་བཤད་རྒྱུར། ཕྱི་རྒྱལ་གྱི་དམག་དོན་འགུལ་སྐྱོད་ལ་ཨ་ཧྥུའུ་ནས་ཕམ་ཁ་བྱུང་རྗེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོམ་པ་རྗེས་མ་ཅི་ལྟར་སྤོ་བའི་གནད་དོན་ཐད་ལ་བསམ་བློ་གཏོང་དགོས་ཟེར། 

ཁོས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གལ་ཏེ་སྣང་མེད་ཀྱི་རྣམ་འགྱུར་བཟུང་ཚེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཨ་ཧྥུའུ་ཧན་གྱི་བརྒྱ་ཆའི་གོ་དགུ་ཡི་མི་ཡིས་སང་ལོར་དབུལ་བོའི་འཚོ་བ་སྐྱེལ་སྲིད། མི་ཆོས་ཀྱི་ཉམས་ཉེན་ཆེན་པོ་ཞིག་ཐོན་བཞིན་ཡོད་པ་དང་། འདིས་ཨ་ཧྥུའུ་ཧན་གྱི་ཁྱིམ་མཚེས་རྒྱལ་ཁབ་དག་ལ་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད། ས་ཁུལ་གཞན་དག་ལ་ཡང་ཤུགས་རྐྱེན་ཐེབས་སྲིད་པས། བརྟན་འཇགས་མིན་པ་དང་རྙོག་འཛིང་ཆེ་བའི་ཨ་ཧྥུའུ་ཧན་དེ་ཡང་བསྐྱར་རྒྱལ་སྤྱིའི་འཇིགས་སྐུལ་པའི་འགེབས་སྲུང་ཁང་དུ་འགྱུར་ངེས་རེད་ཟེར།

ཁོས་བཤད་རྒྱུར། ཨ་ཧྥུའུ་ཧན་ཐ་ལེ་པན་གྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་བསྟུན་མཁས་རང་བཞིན་གྱི་སྲིད་གཞུང་བཙུགས་ནས་འཇིགས་སྐུལ་པས་ཨ་ཧྥུའུ་ཧན་གྱི་ས་ཁོངས་བེད་སྤྱད་ནས་ཚུར་རྒོལ་བྱེད་མི་ཆོག་པ་སོགས་བྱས་ཡོད་པས། གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་ཐ་ལེ་པན་གྱིས་དམ་བཅའ་ལག་བསྟར་བྱེད་པར་སྐུལ་མ་བཏང་ཚེ་གནས་བབ་ཇེ་ལེགས་སུ་འགྲོ་ངེས་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།