ཨ་མེ་རི་ཁ་དང་འཇར་པན། རྒྱ་གར། ཨོ་སི་ཁྲུ་ལི་ཡ་བཅས་རྒྱལ་ཁབ་བཞིའི་འགོ་ཁྲིད་མི་སྣས་གྲོས་མོལ་བྱས།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་དང་འཇར་པན། རྒྱ་གར། ཨོ་སི་ཁྲི་ལི་ཡ་བཅས་རྒྱལ་ཁབ་བཞིའི་འགོ་ཁྲིད་མི་སྣས་ཚེས་ཉེར་བཞི་ཉིན་ཝ་ཧྲིན་ཏུན་ནས་གྲོས་མོལ་སྤེལ།

ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་ཕོ་བྲང་དཀར་པོའི་ནང་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝེ་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་མའོ་ལིས་སིན། རྒྱ་གར་གྱི་ཙུང་ལི་མའོ་ཏེ་བཅས་དང་རྒྱལ་ཁབ་བཞིའི་རྐྱེན་སྲོལ་གྱི་འགོ་ཁྲིད་མི་སྣའི་དངོས་གཞི་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཕོ་བྲང་དཀར་པོས་བསྒྲགས་པའི་གྲོས་མོལ་མཉམ་ལས་གསལ་ཕྲ་ལྟར་ན། རྒྱལ་ཁབ་བཞི་ཡིས་རིམས་ནད་ལ་ཁ་གཏད་འཇལ་བ་དང་འཕྲོད་བསྟེན་བདེ་འཇགས། རྨང་གཞི་སྒྲིག་ཆས། ནམ་ཟླའི་འགྱུར་ལྡོག མི་གཞུང་སློབ་གསོ། གནད་འགག་དང་གསར་དར་ལག་རྩལ། དྲ་རྒྱའི་བདེ་འཇགས་དང་མཁའ་དབྱིངས་སོགས་ཁྱབ་ཁོངས་ནས་མཉམ་ལས་སྤེལ་རྒྱུ་ཡིན་པའི་ཚུལ་བསྟན།

རྒྱལ་ཁབ་བཞིའི་མགོ་ཁྲིད་མི་སྣས་གཏམ་བཤད་དང་གསལ་བསྒྲགས་ནང་ཐད་ཀར་ཀྲུང་གོའི་མིང་བཏོན་མེད་ན་ཡང་། ཨ་མེ་རི་ཁའི་དཔོན་པོས་ཀྱང་རྒྱལ་ཁབ་བཞིའི་རྐྱེན་སྲོལ་ནི་མཉམ་ལས་ཀྱི་གནས་ཚུལ་དངོས་ལ་དམ་དུ་དམིགས་པ་མ་ཟད་ཐད་ཀར་རྒྱལ་ཁབ་གཅིག་ལ་ཁ་གཏད་མེད་པའི་དངོས་གཞི་མིན་པའི་རྐྱེན་སྲོལ་ཞིག་ཡིན་ཞེས་བཤད་མྱོང་ན་ཡང་། གླེང་ཕྱོགས་དང་དབྱེ་ཞིབ་མི་སྣས་དེའི་དམིགས་འབེན་ནི་ཀྲུང་གོའི་ས་ཁུལ་ནང་གི་རྒྱུན་མི་ཆད་པར་ཇེ་མཐོར་འགྲོ་བཞིན་པའི་ཤན་ཤུགས་ལ་ཁ་གཏད་པ་མངོན་གསལ་རེད་ཟེར།

ཕྱི་འབྲེལ་པུའུ་ཡིས་མགྲིན་ཚབ་མི་སྣ་ཀྲའོ་ལིས་ཅན་གྱིས་ཚེས་ཉེར་བཞི་ཉིན་གྱི་གསར་འགོད་པའི་གྲོས་ཚོགས་སྟེང་ཐེངས་འདིའི་རྒྱལ་ཁབ་བཞིའི་རྐྱེན་སྲོལ་གྱི་གྲོས་མོལ་ལ་ཨ་ལན་སྟེར་སྐབས་བསྟན་དོན། ཀྲུང་གོས་ནམ་ཡང་ས་ཁུལ་གང་རུང་གི་མཉམ་ལས་རྐྱེན་སྲོལ་གྱིས་ཕྱོགས་གསུམ་པར་ཁ་གཏད་མི་རུང་བ་དང་ཡང་ན་ཕྱོགས་གསུམ་པའི་ཁེ་ཕན་ལ་གནོད་བྱེད་མི་འོས། བཀག་སྡོམ་དང་གཞན་པ་ཕྱིར་འབུད། རྒྱལ་ཁབ་གཞན་པར་ཁ་གཏད་པའི་ཚོགས་པ་འཛུགས་པ་དེ་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་མི་འཚམ་པ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱི་རེ་འདུན་དང་འགལ་ཡོད་པ་མ་ཟད།  མིའི་བློ་ལ་འབབ་པ་ཞིག་མིན་པས། འབྲས་བུ་མེད་པ་ཁོ་ཐག་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།