ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་ལ་ཕན་འབྲས་བཟང་བོ་ཐོབ་འོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་ཉེར་བཞི་ཉིན་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་ལ་ཕན་འབྲས་བཟང་བོ་ཐོབ་འོས་པ་དང་། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་སླར་གསོ་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ་སྔ་མོ་ནས་གྲོས་མོལ་བྱེད་པར་བརྩོན་བཞིན་ཡོད་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉིན་དེར་ཨ་མེ་རི་ཁའི་ཉིག་ཡོ་རུ་སྐབས་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་ཞུགས་པའི་སྐབས་སུ་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གི་བཅར་འདྲི་དང་ལེན་བྱས། ཁོས་བཤད་རྒྱུར། དབྱི་ལིང་གིས་གྲོས་མོལ་དེ་བསྐྱུར་འདོད་མེད་པ་དང་། ངེས་པར་དུ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་འཚམ་པའི་གྲོས་མོལ་ཅིག་འཚོལ་ཞིབ་བྱེད་ངེས་ཡིན། གལ་སྲིད་དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཡིག་ཆའི་དཔྱད་ཞིབ་བྱ་བ་ཡོངས་འགྲུབ་བྱས་ཚེ། གྲོས་མོལ་བྱེད་སྐབས་བསམ་འཆར་བརྗེ་རེས་བྱེད་རྒྱུ་ཡིན་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བཤད་རྒྱུར། དབྱི་ལིང་གི་འཐུས་ཚབ་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྐབས་སུ་གྲོས་མོལ་སླར་གསོ་བྱེད་པའི་ཐད་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་བར་གྲོས་མོལ་བྱས་མེད་ཟེར། 

བསྒྲགས་པ་ལྟར་ན། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་སྐབས་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྲ་ཞེ་ཏི་གཉིས་དང་གྲོས་མོལ་བྱས། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་གྲོས་མོལ་བྱེད་སྐབས་བསྟན་དོན། དབྱི་ལིང་གི་སྲིད་གཞུང་གསར་བས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་ལ་དངོས་གཉེར་གྱི་ལངས་ཕྱོགས་བཟུང་ཡོད་པ་དང་། གྲོས་མོལ་ལ་དོན་དངོས་གྲུབ་འབྲས་ཐོབ་པར་བརྩོན་ལེན་བྱེད་བཞིན་ཡོད་ཀྱང་། ཨ་མེ་རི་ཁའི་པེད་ཏིན་སྲིད་གཞུང་གིས་འཛུགས་སྐྲུན་རང་བཞིན་ལྡན་པའི་འགུལ་སྐྱོད་སྤེལ་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།