མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་མཐོ་རིམ་ཆེད་དོན་པས་འདས་པའི་ལོ་བཅུའི་ནང་མི་སེར་དཀྱུས་མ་འབུམ་གསུམ་དང་ཁྲི་ལྔ་ལྷག་སི་རི་ཡཱའི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་མཐོ་རིམ་ཆེད་དོན་པ་པཱ་ཆེ་ལའེ་ཐི་ཡིས་ཚེས་ཉེར་བཞི་ཉིན་བསྟན་དོན། ཉིས་སྟོང་བཅུ་གཅིག་ལོའི་ཟླ་གསུམ་པ་ནས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པའི་བར། བསྡོམས་པས་མི་སེར་དཀྱུས་མ་འབུམ་གསུམ་དང་ཁྲི་ལྔ་ཉིས་བརྒྱ་དང་དགུ་སི་རི་ཡཱའི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མི་བཅུ་གསུམ་ནང་བུད་མེད་གཅིག་རེ་དང་བྱིས་པ་གཅིག་རེ་འདུས་ཡོད་ཟེར། 

པཱ་ཆེ་ལའེ་ཐི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ཞེ་བརྒྱད་པར་སྙན་ཞུ་སྤྲད། ཁོ་མོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལྟར་དུ། འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་གཞུང་སྒྲུབ་ཁང་གིས་འདས་པའི་ལོ་འགའི་ནང་རྒྱུན་པར་སི་རི་ཡཱའི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སེར་དཀྱུས་མའི་ཁ་གྲངས་ལ་དཔྱད་འཇོག་བྱེད་བཞིན་ཡོད། གསར་དུ་གཏན་འཁེལ་བྱས་པའི་འདས་པོའི་ཁ་གྲངས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གཞི་གྲངས་དང་ས་གནས་རང་གི་དམངས་ཁྲོད་རྩ་འཛུགས་ཀྱིས་ཉར་འཇོག་བྱས་པའི་ཟིན་ཐོ། དེ་མིན་སི་རི་ཡཱའི་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་ཆ་འཕྲིན་བཅས་ཕྱོགས་བསྡུས་བྱས་ཏེ་གཏན་འཁེལ་བྱས་པ་ཡིན་ཟེར། 

པཱ་ཆེ་ལའེ་ཐི་ཡིས་བཤད་རྒྱུར། ཐེངས་འདིའི་བསྡོམས་རྩིས་ཁྲོད། མིང་ཧྲིལ་བོས་གསལ་འབྱེད་ཐུབ་པ་དང་ཤི་འདས་ཀྱི་དུས་ཚོད་དང་ས་གནས་གསལ་བོར་ཡོད་པའི་མི་རྣམས་བརྩིས་ཡོད་པ་མ་གཏོགས། རྒྱུ་དེ་གསུམ་མི་འདུས་པའི་ཆ་འཕྲིན་གང་ཡིན་ཡང་དེར་འདུས་མེད་ཟེར། ཁོ་མོས་བསྟན་དོན། བྱེད་ཐབས་དེ་ལས་ཡང་བསྐྱར་བརྩི་བར་སྔོན་འགོག་བྱེད་ཐུབ་ཀྱང་། ཚད་ངེས་ཅན་ཞིག་གི་སྟེང་ནས་འདས་པོའི་ཁ་གྲངས་ཉུང་རྩིས་བྱས་ཡོད་ཀྱང་སྲིད་ཟེར། སི་རི་ཡཱའི་འཁྲུག་རྩོད་དེ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་གསུམ་པར་བྱུང་བ་དང་། འདས་པའི་ལོ་འགའི་ནང་། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་སུའེ་ཙེར་གྱི་རི་ནེ་ཝ་ནས་སྐོར་ཐེངས་མང་བོའི་ཞི་བའི་གྲོས་མོལ་སྤེལ་ཡང་། ད་ལྟའི་བར་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་གང་ཡང་ཐོབ་མེད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།