2021ལོའི་ཞི་བདེའི་འགན་འཁྲི་ཞེས་པའི་མཉམ་འབྲེལ་འཇིགས་སྐུལ་ངོ་རྒོལ་གྱི་དམག་དོན་སྦྱོང་བརྡར་གྱི་མདེལ་དངོས་མའི་སྦྱོང་བརྡར་བདེ་བླག་ངང་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2021ལོའི་ཞི་བདེའི་འགན་འཁྲི་ཞེས་པའི་མཉམ་འབྲེལ་འཇིགས་སྐུལ་ངོ་རྒོལ་གྱི་དམག་དོན་སྦྱོང་བརྡར་གྱི་མདེལ་དངོས་མའི་སྦྱོང་བརྡར་ཚེས་ཉེར་གསུམ་ཉིན་ཨུ་རུ་སིའི་ཨོ་ལོན་པའོ་མངའ་སྡེའི་ཀུའུ་ཙི་ཤར་མ་ནས་བདེ་བླག་ངང་སྤེལ། 

ཉིན་གུང་གི་དུས་ཚོད་གཅིག་ཡས་མས་སུ། མདེལ་དངོས་མའི་སྦྱོང་བརྡར་དེ་སྤེལ་མགོ་བརྩམས། འཇིགས་སྐུལ་དྲག་ཆས་པས་དམག་ཤུགས་གཅིག་ཏུ་བསྡུས་ནས་དཔུང་འཇུག་བྱེད་མགོ་བརྩམས་པ་དང་། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་ཁྲབ་ལྡན་འཁོར་ལོའི་རུ་ཁག་རྩ་མེད་དུ་གཏོང་རྩིས་བྱས། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་འཇིགས་སྐུལ་དྲག་ཆས་པས་རྐང་མ་ཚུགས་གོང་བར་སྣང་གི་མེ་ཤུགས་དྲག་པོ་ལ་བརྟེན་ནས་ཐོལ་རྒོལ་བྱས། དེ་མ་ཐག་དམིགས་བསལ་འཐབ་འཛིང་རུ་ཁག་ཆུང་བ་མྱུར་མོར་ཐག་པར་བརྟེན་ནས་ཐུར་བབས་པ་དང་། འཇིགས་སྐུལ་དྲག་ཆས་པས་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་ལ་རྗེས་འདེད་བྱེད་པར་བཀུག་པ་དང་། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་འཇིགས་སྐུལ་དྲག་ཆས་པའི་ལྟག་རྒྱབ་ཏུ་འཇབ་རྒོལ་བྱས་ཏེ་འཇིགས་སྐུལ་དྲག་ཆས་པའི་གཞུག་ལམ་བཅད། 

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་འགོག་སྲུང་བཀོད་སྒྲིག་ཡོངས་འགྲུབ་བྱས་མ་ཐག འཇིགས་སྐུལ་དྲག་ཆས་པས་ཡང་བསྐྱར་དམག་ཤུགས་གཅིག་བསྡུས་ཀྱིས་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་ལ་ཕྱོགས་ཡོངས་ནས་དཔུང་འཇུག་བྱས། 

མཉམ་འབྲེལ་འཇིགས་སྐུལ་ངོ་རྒོལ་དམག་དཔུང་གི་བཀོད་འདོམ་པུའུ་ཡིས་མྱུར་མོར་བཀོད་སྒྲིག་བྱ་བར་སྙོམས་སྒྲིག་བྱས། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་བར་སྣང་དང་མེ་སྒྱོགས། ས་ངོས་བཅས་ཀྱི་མེ་ཤུགས་ལ་བརྟེན་ནས། འཇིགས་སྐུལ་དྲག་ཆས་པར་ཐེངས་མང་བོར་མེ་ཤུགས་གཅིག་བསྡུས་ཀྱིས་ཆམ་ཕབ་བཏང་བ་དང་། ས་ངོས་ཀྱི་ཁྲབ་ལྡན་འཁོར་ལོའི་རུ་དཔུང་གིས་གཡུལ་ས་བརྟན་སྲུང་བྱས་ཏེ། འཇིགས་སྐུལ་དྲག་ཆས་པར་རྒོལ་ལན་དྲག་པོ་སྤྲད། 

ཉིས་སྟོང་ཉེར་གཅིག་ལོའི་ཞི་བདེའི་འགན་འཁྲི་ཞེས་པའི་མཉམ་འབྲེལ་འཇིགས་སྐུལ་ངོ་རྒོལ་གྱི་དམག་དོན་སྦྱོང་བརྡར་ནི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་གི་རྒྱུན་ལྡན་རང་བཞིན་གྱི་དམག་དོན་སྦྱོང་བརྡར་ཅིག་ཡིན་པ་དང་། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་དམག་དཔུང་གིས་གྲ་སྒྲིག་དང་མཉམ་འབྲེལ་གྱི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་བ་དེ་ཡིན་ཞིང་། གཙོ་བོ་མྱུལ་ཞིབ་ལྟ་རྟོག་དང་མེ་ཤུགས་ཆམ་ཕབ། མཐའ་སྐོར་ཚོད་འཛིན། སྲང་ལམ་མྱུལ་ཞིབ་སོགས་རྣམ་གྲངས་འདུས་ཡོད། ཀྲུང་གོ་དང་ཨུ་རུ་སི། ཧཱ་སག་སི་ཐན། ཐཱ་ཅི་ཁི་སི་ཐན། ཅིར་ཅི་སི་སི་ཐན། རྒྱ་གར། ཕཱ་ཁི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱད་ཀྱི་དམག་མི་སྟོང་བཞི་ཙམ་སྦྱོང་བརྡར་དེར་ཞུགས་ཡོད་ལ། དེའི་ནང་ཀྲུང་གོའི་ཕྱོགས་ཀྱི་དམག་མི་ལྔ་བརྒྱ་དང་ལྔ་བཅུ་ལྷག་ཞུགས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།