ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱ་ཡིས་མའོ་ལོ་ཀིའི་གནམ་གྲུར་མཁའ་ཁོངས་སྒོ་འབྱེད་མི་བྱེད་པ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། མའོ་ལོ་ཀི་ཡིས་ཨར་ཅི་རི་ཡཱར་སྤྱད་པའི་དགྲར་འཛིན་སྲིད་ཇུས་ལ་དམིགས་ནས། ཉིན་དེ་ནས་བཟུང་མའོ་ལོ་ཀིའི་གནམ་གྲུ་ཚང་མར་མཁའ་ཁོངས་སྒོ་འབྱེད་བྱེད་རྒྱུ་མིན་ཟེར། 

ཨར་ཅི་རི་ཡཱའི་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་གྱིས་ཚེས་ཉེར་གཉིས་ཉིན་ཆེས་མཐོའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། ཨར་ཅི་རི་ཡཱ་དང་མའོ་ལོ་ཀི་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་གནད་དོན་ལ་གྲོས་བསྡུར་བྱས། ཆེས་མཐོའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཉིན་དེ་ནས་བཟུང་མའོ་ལོ་ཀིའི་དམག་བཀོལ་དང་དམངས་སྤྱོད་གནམ་གྲུ་ཚང་མར་མཁའ་ཁོངས་སྒོ་འབྱེད་མི་བྱེད་པའི་ཆོད་དོན་སྤེལ། 

ཨར་ཅི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་ལཱ་མཱ་མུའུ་ལཱ་ཡིས་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་ཁྱབ་སྒྲགས་བྱས་དོན། མའོ་ལོ་ཀི་ཡིས་དུས་ཡུན་རིང་བོར་དགྲར་འཛིན་སྲིད་ཇུས་ལག་བསྟར་བྱས་པས། ཨར་ཅི་རི་ཡཱ་ཡིས་ཉིན་དེ་ནས་བཟུང་མའོ་ལོ་ཀིའི་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་གཅོད་རྒྱུ་ཐག་བཅད་པ་ཡིན་ཟེར། ལཱ་མཱ་མུའུ་ལཱ་ཡིས་བཤད་གྱུར། མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་མའོ་ལོ་ཀིའི་དཔོན་རིགས་ཀྱིས་དེའི་སྔོན་ཨར་ཅི་རི་ཡཱའི་རྒྱལ་ནང་གི་གྲངས་ཉུང་མི་རིགས་དང་ཨར་ཅི་རི་ཡཱའི་ཀྲུང་དབྱང་སྲིད་གཞུང་བར་གྱི་འབྲེལ་བར་དཀྲུག་འཕེན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཆམ་མཐུན་མིན་པའི་ཚད་དེ་ཆེས་སྡུག་པའི་ཚད་དུ་བསླེབས་ཡོད་ཟེར། 

མའོ་ལོ་ཀིའི་ཕྱི་འབྲེལ་པུའུ་ཡིས་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་སྤྱི་སྒྲོག་སྤེལ་ཏེ། མའོ་ལོ་ཀི་ཡིས་ཨར་ཅི་རི་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་ཉིན་དེ་ནས་བཟུང་མའོ་ལོ་ཀིའི་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཐག་བཅད་པར་དོ་སྣང་བྱེད་བཞིན་ཡོད་ལ། མའོ་ལོ་ཀི་ཡིས་གནས་ལུགས་དང་གཏན་ནས་མི་མཐུན་པའི་ཆོད་དོན་དེར་ཡིད་འཕང་བའི་ཚུལ་སྟོན་བཞིན་ཡོད་ཟེར། 

དུས་ཡུན་རིང་བོར། ཨར་ཅི་རི་ཡཱ་དང་མའོ་ལོ་ཀིའི་བར་སཱ་ཧཱ་ལཱ་ནུབ་མའི་གནད་དོན་གྱི་དབང་གིས་འབྲེལ་བ་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་སྐམ་སའི་མཐའ་མཚམས་དེ་ནམ་ཡང་བཀག་སྡོམ་གྱི་རྣམ་པར་གནས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།