ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཧེ་ཐིའི་གནད་དོན་གྱི་ཆེད་མངག་ཕོ་ཉས་ལས་ཁུར་དགོངས་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཧེ་ཐིའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཧྥུའུ་ཐི་ཡིས་ཨ་མེ་རི་ཁའི་སྲིད་གཞུང་གིས་ཧེ་ཐིའི་ཡུལ་གྱར་བ་མཐར་སྐྲོད་གཏོང་བའི་ཆོད་དོན་དེ་མི་ཆོས་དང་མི་མཐུན་པར་སྐྱོན་འཛུགས་བྱས་པར་མ་ཟད། རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད། 

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་ཉིན་དེར་ཧྥུའུ་ཐི་ཡིས་ཚེས་ཉེར་གཉིས་ཉིན་པུའུ་ལིན་ཁུན་ལ་བྲིས་པའི་ལས་ཁུར་དགོངས་ཞུའི་འཕྲིན་ཡིག་ཅིག་བྱིན་པ་དང་། ཧྥུའུ་ཐི་ཡིས་འཕྲིན་ཡིག་ནང་བསྟན་དོན། ཁོས་མྱུར་མོར་ཧེ་ཐིའི་གནད་དོན་གྱི་ཆེད་མངག་ཕོ་ཉའི་ལས་འགན་བསྐྱུར་རྒྱུ་ཡིན་པ་དང་། ཁོས་ཨ་མེ་རི་ཁས་ཧེ་ཐིའི་ཡུལ་གྱར་བ་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་སྟོང་ཕྲག་མང་བོ་ཕྱིར་མཐར་སྐྲོད་གཏོང་བའི་མི་ཆོས་དང་མི་མཐུན་པའི་ཆོད་དོན་དེར་འབྲེལ་བ་གང་ཡང་ཡོད་འདོད་མེད་ཟེར། ཧྥུའུ་ཐི་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་ཧེ་ཐིའི་སྲིད་ཇུས་ལ་ཆད་སྐྱོན་ཚབས་ཆེན་ཡོད་ལ། ཁོའི་གྲོས་གཞི་སྣང་མེད་དུ་བསྐྱུར་བའམ་ཁས་ལེན་བྱས་མེད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་ལའེ་སི་ཡིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་ཅིག་ལས་ཧྥུའུ་ཐི་ཡིས་ལས་ཁུར་དགོངས་ཞུ་བྱེད་པའི་དོན་དེ་བདེན་དཔང་བྱས་པ་དང་། ཧྥུའུ་ཐི་ཡིས་རང་གི་གྲོས་གཞི་སྣང་མེད་དུ་བསྐྱུར་བར་བཤད་པ་ནི་ནོར་འཆུག་ཁོ་ན་ཡིན་པའི་ཚུལ་བསྟན། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲ་ཚིགས་ནས་བསྒྲགས་པ་ལྟར་ན། ཧྥུའུ་ཐི་ནི་མཐོ་རིམ་ཕྱི་འབྲེལ་དཔོན་པོ་ཞིག་ཡིན་ཞིང་། སྔོན་ཆད་ཙམ་པུ་ཡཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པའི་འགན་ཁུར་མྱོང་། ད་ལོའི་ཟླ་བདུན་པ་ནས་བཟུང་ཨ་མེ་རི་ཁའི་ཧེ་ཐིའི་གནད་དོན་གྱི་ཆེད་མངག་ཕོ་ཉའི་འགན་ཁུར་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།