ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་ནོ་པེར་བྱ་དགའ་ཐོབ་མཁན་ལ་ན་ནིང་ལྟར་རང་རང་སོ་སོའི་རྒྱལ་ཁབ་ཏུ་བྱ་དགའ་གནང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས23ཉིན་ནོ་པེར་ཐེབས་རྩ་ཚོགས་པས་བསྒྲགས་དོན། པྲོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་འོག2021ལོའི་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་དང་རྫས་འགྱུར་རིག་པའི་བྱ་དགའ། སྐྱེ་ཁམས་རིག་པའམ་གསོ་རིག་བྱ་དགའ། རྩོམ་རིག་བྱ་དགའ། དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་ལ་ན་ནིང་གི་བྱེད་ཐབས་རྒྱུན་མཐུད་བྱས་ནས་རང་རང་སོ་སོའི་རྒྱལ་ཁབ་ཏུ་བྱ་དགའ་གནང་རྒྱུ་ལས་སྲོལ་རྒྱུན་ལྟར་སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོར་མོ་རུ་བྱ་དགའ་སྤྲོད་པའི་མཛད་སྒོ་བསྡུ་རྒྱུ་མིན་ཞེས་ཁྱབ་བསྒྲགས་བྱས།

ནོ་པེར་ཐེབས་རྩ་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཝུའེ་ཏ་འར·ཧོ་འར་ཀུ་སེན་གྱིས་ཉིན་དེར་སྤེལ་བའི་གསར་འགྱུར་སྤྱི་བསྒྲགས་ནང་བསྟན་དོན། ཆོད་དོན་འདི་ནི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འཕེལ་རྒྱས་དང་རྒྱལ་སྤྱིའི་ཡུལ་སྐོར་གྱི་ངེས་མེད་རང་བཞིན་ལ་གཞིགས་ནས་གཏན་འབེབས་བྱས་པ་ཡིན་ལ། ད་ལོའི་ནོ་པེར་བྱ་དགའི་གཟའ་འཁོར་གྱི་རྟེན་འབྲེལ་བྱ་འགུལ་ཡང་སྔར་བཞིན་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པ་སྤྱད་ནས་སྤེལ་རྒྱུ་ཡིན་ཟེར།

ནོ་པེར་ཐེབས་རྩ་ཚོགས་པས་ད་ལོ་ཡང་ན་ནིང་ལྟར་བྱ་དགའ་སྤྲོད་པའི་དགོང་མོའི་གསོལ་སྟོན་མེད་པར་བཟོས་ཡོད་ཞེས་བསྟན།

ཟླ12པའི་ཚེས10ཉིན་ནི་སུའེ་ཏེན་གྱི་རྫས་འགྱུར་རིག་པ་བ་དང་གསར་གཏོད་པ་ནོ་པེར་སྐུ་གཤེགས་པའི་དྲན་གསོའི་ཉིན་མོ་ཡིན་པས་ལོ་རེའི་ནོ་པེར་བྱ་དགའ་སྤྲོད་པའི་མཛད་སྒོ་ནི་ཉིན་འདིར་སྤེལ་བཞིན་ཡོད་པ་རེད། རྒྱུན་སྲོལ་ལྟར་ན། ལོ་རེའི་བྱ་དགའ་ཐོབ་མཁན་རྣམས་སི་ཐོག་ཁོར་མོ་རུ་ཕེབས་ནས་བྱ་དགའ་སྤྲོད་པའི་མཛད་སྒོ་དང་དགོང་མོའི་གསོལ་སྟོན་སྟེང་ཞུགས་རྒྱུ་མ་ཟད། བྱ་དགའ་ཐོབ་མཁན་གྱི་འཆད་ཁྲིད་དང་རོལ་དབྱངས་འདུ་ཚོགས་སོགས་ནོ་པེར་གཟའ་འཁོར་གྱི་བྱ་འགུལ་རབ་དང་རིམ་པར་ཞུགས་པ་རེད། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག2020ལོའི་ནོ་པེར་བྱ་དགའ་ཐོབ་མཁན་རྣམས་རང་རང་སོ་སོའི་རྒྱལ་ཁབ་ནས་འབྲེལ་ཡོད་བྱ་དགའ་གནང་བ་མ་ཟད། གཙོ་གཉེར་ལས་ཁུངས་ཀྱིས་སི་ཐོག་ཁོར་མོ་ནས་བྱ་དགའ་སྤྲོད་པའི་མཛད་སྒོ་ཐད་གཏོང་བྱས་ཤིང་། བྱ་དགའ་སྤྲོད་པའི་དགོང་མོའི་གསོལ་སྟོན་ཡང་རིམས་ནད་ཀྱི་དབང་གིས་མེད་པར་བཟོས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།