ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཙུང་ཐུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་ཨ་མེ་རི་ཁའི་བཙན་དབང་རིང་ལུགས་ལ་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཚེས་ཉེར་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་རང་འདོད་ལྟར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པ་དང་། མུ་མཐུད་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་སྐབས་སུ་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པའི་བྱ་སྤྱོད་ལ་སྐྱོན་འཛུགས་བྱས་པ་དང་། དེ་ནི་ཨ་མེ་རི་ཁའི་བཙན་དབང་རིང་ལུགས་ཀྱི་མཚོན་བྱེད་ཅིག་ཡིན་པར་ནན་བཤད་བྱས་ལ། དབྱི་ལིང་གིས་ཨ་མེ་རི་ཁའི་སྲིད་གཞུང་གིས་བཞག་པའི་དམ་བཅའ་གང་རུང་ལ་ཡིད་ཆེས་བྱེད་མི་སྲིད་པའི་ཚུལ་བསྟན། 

ལའེ་ཞེ་ཡིས་སྔོན་ནས་བརྙན་ཕབ་བྱས་པའི་བརྙན་རིས་གཏམ་བཤད་ཅིག་ལས་བཤད་རྒྱུར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་སྤེལ་བའི་སྙན་ཞུ་བཅོ་ལྔ་ལས་དབྱི་ལིང་གིས་དམ་བཅའ་བརྩི་སྲུང་བྱས་ཡོད་པ་བདེན་དཔང་བྱས་ཀྱང་། ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བའི་འོས་འགན་ལག་བསྟར་བྱས་མེད། ཨ་མེ་རི་ཁ་སྒྲིག་འགལ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པ་དང་། མུ་མཐུད་དུ་དབྱི་ལིང་མི་དམངས་ལ་བཀག་སྡོམ་བྱེད་ཐབས་སྔར་ལས་མང་བོ་ལག་བསྟར་བྱས་ཡོད་ཟེར། 

ལའེ་ཞེ་ཡིས་བསྟན་དོན། བཀག་སྡོམ་ནི་ཨ་མེ་རི་ཁས་འཛམ་གླིང་གི་རྒྱལ་ཁབ་གཞན་པར་འཐབ་འཁྲུག་བྱེད་པའི་བྱེད་ཐབས་གསར་བ་ཞིག་རེད། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་སྐབས་སུ་སྨན་རྫས་སྐྱེལ་འདྲེན་གཏན་འགོག་བྱས་པ་དེ་མིའི་རིགས་ལ་རྒོལ་བའི་ནག་ཉེས་སུ་གཏོགས། ངས་དབྱི་ལིང་མི་རིགས་དང་རང་རྒྱལ་གྱིས་བསྡུ་ལེན་བྱས་པའི་ཡུལ་གྱར་པ་ས་ཡ་མང་བོའི་ཚབ་བྱས་ཏེ། ཨ་མེ་རི་ཁས་མུ་མཐུད་དུ་ཁྲིམས་འགལ་གྱི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པར་རྒོལ་གཏམ་གཏོང་བཞིན་ཡོད་པ་དང་། ཁྱད་པར་དུ་མི་ཆོས་རིང་ལུགས་ཁྱབ་ཁོངས་ལ་འབྲེལ་བའི་བཀག་སྡོམ་ལ་རྒོལ་གཏམ་གཏོང་བཞིན་ཡོད་ཟེར། 

གཏམ་བཤད་སྤེལ་སྐབས་ལའེ་ཞེ་ཡིས་ད་རུང་ཨ་མེ་རི་ཁས་དབུས་ཤར་ས་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱས་པར་སྐྱོན་བརྗོད་བྱས། ཁོས་བཤད་རྒྱུར། ཨ་མེ་རི་ཁས་སི་རི་ཡཱ་དང་དབྱི་རག་ཏུ་དམག་དོན་བཀོད་སྒྲིག་བྱས་པ་ནི་དམངས་གཙོ་དང་རྒྱལ་ཁབ་ཀྱི་འདོད་བློ་འཛུགས་པའི་བཀག་རྒྱ་ཆེས་ཆེན་པོ་ཡིན་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།