འཇར་མན་གྱི་སྲིད་ཚོང་ལས་རིགས་ཀྱི་མི་སྣས་འདེམ་བསྐོའི་བྱ་འགུལ་ཆེན་མོའི་རྗེས་སུ་འཇར་མན་དང་ཀྲུང་གོས་དཔལ་འབྱོར་ཉོ་འཚོང་ཐད་མུ་མཐུད་དུ་དངོས་གཉེར་མཉམ་ལས་བྱེད་པར་རེ་སྨོན་བྱེད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན་སྤེལ་རྒྱུ་རེད། འཇར་མན་གྱི་འདེམ་བསྐོའི་བྱ་འགུལ་ཆེན་མོའི་རྗེས་ཀྱི་འཇར་མན་དང་ཀྲུང་གོའི་མཉམ་ལས་ལ་རྒྱང་ལྟ་བྱས་ཚེ། འཇར་མན་སྲིད་ཚོང་ལས་རིགས་ཀྱི་མི་སྣས་ལང་ལོང་སྒོས་བསྟན་དོན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་དངོས་གཉེར་མཉམ་ལས་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་འགྲོ་བའི་གནས་ཚུལ་འོག་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར། 

འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་དཔལ་འབྱོར་དང་ནུས་ཁུངས་པུའུ་ཡིས་ཉེ་སྔོན་བསྟན་དོན། ཀྲུང་གོའི་ཚོང་རའི་གཞི་རྒྱ་དང་དཔལ་འབྱོར་འཕར་ཚད་མཐོ་བའི་དབང་གིས་ཚོད་དཔག་ཐུབ་པའི་མ་འོངས་པར་ཀྲུང་གོ་ནི་སྔར་བཞིན་འཇར་མན་གྱི་ཁེ་ལས་དག་སྤྲོ་བ་ཡོད་པའི་དམིགས་འབེན་ཚོང་ར་ཡིན་སྲིད་ཟེར། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་དཔལ་འབྱོར་དང་ནུས་ཁུངས་པུའུ་ཡི་ཕྱི་ཕྱོགས་ཉོ་འཚོང་སྐུལ་འདེད་ཟི་ཡི་ཟི་ཀྲང་ནེ་ཁི་ལིན་གྱིས་བལྟས་ན། འཇར་མན་དང་ཀྲུང་གོ་ནི་གལ་ཆེ་བའི་ཆབ་སྲིད་དང་དཔལ་འབྱོར་གྱི་མཉམ་ལས་གྲོགས་པོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད་ཟེར། 

འཇར་མན་བཟོ་ཚོང་ཚོགས་ཆེན་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཐི་ལའེ་ཨར་གྱིས་བལྟས་ན། ཀྲུང་གོ་ནི་འཇར་མན་གྱི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཐོག་མ་ཡིན། གལ་ཏེ་ན་ནིང་ཀྲུང་གོའི་དཔལ་འབྱོར་དུས་ལྟར་སླར་གསོ་བྱུང་མེད་ན། འཇར་མན་གྱི་དཔལ་འབྱོར་ལའང་དཀའ་ཁག་ཆེན་པོ་འབྱུང་སྲིད་ཟེར། ཐི་ལེ་ཨར་གྱིས་བཤད་རྒྱུར། ཀྲུང་གོ་ནི་ཚོང་ར་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོར་ཡོད་པའི་འཇར་མན་གྱི་ཁེ་ལས་བཅུ་ཆའི་དགུ་ཡིས་ཀྲུང་གོའི་ཚོང་རར་ཐོན་སྐྱེད་བྱེད་སྒོ་སྤེལ་བཞིན་ཡོད། ཞོར་དུ་སྔར་ལས་མང་བའི་འཇར་མན་གྱི་ཁེ་ལས་དག་གིས་ཀྲུང་གོར་ཞིབ་འཇུག་གསར་སྤེལ་དང་ཞབས་ཞུའི་བྱ་བ་སྤེལ་འདོད་ཡོད་ཟེར། 

འཇར་མན་དང་ཀྲུང་གོའི་དངོས་གཉེར་མཉམ་ལས་དེ་འཇར་མན་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཕན་ཐོགས་ཡོད། འཇར་མན་གྱི་པའོ་མཱ་སྡེ་ཚོགས་ཀྱིས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་གི་བཅར་འདྲིར་ལན་འདེབས་སྐབས་བསྟན་དོན། འཇར་མན་དང་ཀྲུང་གོ་ནི་ཉོ་འཚོང་གྲོགས་པོ་གལ་ཆེན་ཡིན་ཞིང་། པའོ་མཱ་དང་བཅས་པའི་འཇར་མན་གྱི་ཁེ་ལས་དང་ཀྲུང་གོའི་ཁེ་ལས་མང་བོར་དེ་ལས་ཁེ་ཕན་མི་ཉུང་བ་ཐོབ་བཞིན་ཡོད་ལ། གཏན་འཇགས་དང་སྒོ་འབྱེད་ཀྱི་ཚོང་གཉེར་ཁོར་ཡུག་གིས་ཕྱོགས་གཉིས་ཀྱི་ཁེ་ལས་ལ་གཉིས་ཕན་གྱི་འཕེལ་རྒྱས་གོ་སྐབས་མང་བོ་བསྐྲུན་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།