ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་རྒྱ་གར་གྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་གིས་ཚེས་ཉེར་གཅིག་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཉིན་དེར་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

སྤྱི་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཡོ་རོབ་གླིང་དང་རྒྱ་གར་གྱི་འབྲེལ་བ་སོགས་ཀྱི་སྒྲོམ་གཞིའི་ནང་རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་ཐུན་མོང་འགུལ་སྐྱོད་སྤེལ་བའི་རེ་འདུན་བསྐྱར་བསྒྲགས་བྱས་པ་དང་། དམིགས་ཡུལ་ནི་ས་ཁུལ་གྱི་གཏན་འཇགས་དང་ཁྲིམས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཞོར་དུ་རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱེད་ཆེད་ཡིན་པ་རེད་ཟེར། 

མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་ཡིས་མུ་མཐུད་དུ་རྒྱ་གར་གྱིས་བཟོ་ལས་དང་ཚན་རྩལ་འདུས་པའི་འཐབ་ཇུས་རང་བདག་དབང་ཆར་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པ་དང་། ཧྥ་རན་སི་དང་རྒྱ་གར་བར་གྱི་ཕན་ཚུན་ཡིད་ཆེས་དང་བརྩི་འཇོག་བྱེད་པའི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྲུང་སྐྱོབ་བྱེད་རྒྱུ་ཁས་ལེན་བྱས་ཡོད་ལ། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོ་དང་ཁྱད་པར་དུ་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཨ་ཧྥུའུ་ཧན་གྱི་གནས་བབ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ཁོ་ཚོས་བལྟས་ན། ཨ་ཧྥུའུ་ཧན་སྲིད་འཛིན་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་བར་གྱི་འབྲེལ་འདྲིས་མཚམས་བཞག་སྟེ། མི་ཆོས་རིང་ལུགས་ཀྱི་ལས་ཁུངས་ཀྱིས་ཨ་ཧྥུའུ་ཧན་གྱི་མངའ་ཁོངས་ཧྲིལ་བོར་བྱ་འགུལ་སྤེལ་བར་ཆོག་མཆན་འགོད་དགོས་པར་མ་ཟད། ཨ་ཧྥུའུ་ཧན་གྱི་མིའི་གཞི་རྩའི་ཁེ་དབང་ལ་བརྩི་འཇོག་བྱེད་དགོས་ཟེར། 

ཕྱོགས་གཉིས་ཀྱིས་ད་རུང་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་དུས་བཅད་ལྟར་བརྗེ་རེས་བྱེད་པ་སྲུང་འཛིན་བྱེད་རྒྱུ་དང་། ཁྱད་པར་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་དང་སྐབས་ཉེར་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་གྱི་སྔོན་དུ་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། ཐུན་མོང་འགུལ་སྐྱོད་སྤེལ་ཏེ་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།