མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་ཚོགས་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་ཚེས་ཉེར་གཅིག་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་ཀྱི་མགོ་གཙོ་དང་སྲིད་གཞུང་གི་མགོ་བ། མཐོ་རིམ་འཐུས་མི་བརྒྱ་ལྷག་གིས་བརྙན་རིས་དང་ཡུལ་དངོས་གཏམ་བཤད་ཀྱི་རྣམ་པས་པྲོག་གསར་གློ་ཚད་རིམས་ནད་དང་། ནམ་ཟླའི་ཉམས་ཉེན། རྒྱུན་མཐུད་ཐུབ་པའི་སླར་གསོ། མི་ཆོས་རིང་ལུགས་ཀྱི་གནས་བབ་སོགས་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཆེན་མོ་ཐག་གཅོད་བྱེད་པའི་ཐབས་ཇུས་ལ་གྲོས་བསྡུར་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། འཛམ་གླིང་དེ་ཉེན་ཁ་ཆེན་མོའི་མཐའ་རུ་གནས་ཡོད་པ་དང་། སྔ་ན་མེད་པའི་འཇིགས་ཉེན་དང་ཁ་བྲལ་འབྱུང་ཉེན་ཡོད། པྲོག་གསར་གློ་ཚད་རིམས་ནད་ལས་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་བཏང་ཡོད་ལ། ནམ་ཟླའི་ཉམས་ཉེན་གྱིས་སའི་གོ་ལར་གནོད་པ་བཟོ་བཞིན་ཡོད། ཕཱ་རེ་སིའི་གྲོས་ཆོད་ཀྱི་སྒེའུ་ཁུང་བརྒྱག་བཞིན་ཡོད་པ་དང་། རིམས་ཡམས་གསར་བ་ལྟ་བུའི་ཡིད་ཆེས་མེད་པའི་སྣང་ཚུལ་ཅིག་རྒྱ་ཡན་དུ་འགྲོ་བཞིན་ཡོད་པར་མ་ཟད། མཐའ་འབྲེལ་ས་ཁུལ་གྱི་ཟང་ཟིང་གི་གནས་བབ་ཀྱིས་འཛམ་གླིང་ཡོངས་ཀྱི་ཞི་བདེ་ལ་འཇིགས་ཉེན་བཟོ་བཞིན་ཡོད། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཛམ་གླིང་ཧྲིལ་བོ་ངེས་པར་དུ་རྣམ་རིག་གསལ་བོ་ཡིན་དགོས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཧུར་ཐག་སྒོས་ཞི་བདེ་དང་ནམ་ཟླ། དབུལ་ཕྱུག ཕོ་མོ། གྲངས་ལྡན། མི་རབས་བར་གནས་པའི་འགལ་བ་དང་བར་ཁྱད་ཁ་གསབ་བྱེད་པ་དང་། ཕན་ཚུན་གཅིག་བརྟེན་དང་ཕན་ཚུན་བར་གྱི་ཡིད་ཆེས་སླར་གསོ་བྱེད་པ། ཕྱོགས་མང་རིང་ལུགས་ཀྱི་མེ་སོན་ཡར་བསྐྱར་སྒྲོན་ནས། འཛམ་གླིང་ཧྲིལ་བོར་མཛེས་སྡུག་གི་མ་འོངས་པ་ཞིག་གསར་བསྐྲུན་བྱེད་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་ཀྲུའུ་ཞི་ཧྲ་ཞེ་ཏི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས། ཁོས་བཤད་རྒྱུར། ཛ་དྲག་གི་འཇིགས་ཉེན་དང་འགྲན་རྩོད་མདུན་ནས་རྒྱལ་ཁབ་སོ་སོས་ཁེར་རྐྱང་རིང་ལུགས་དང་ཕན་ཚུན་རྨེག་མེད་དུ་གཏོང་བའི་བགྲོད་ལམ་ཅིག་གདམ་གསེས་བྱས་ཆོག་ཀྱང་། ལག་རྡང་སྦྲེལ་ནས་བགྲོད་ལམ་གསར་བ་ཞིག་གསར་འབྱེད་བྱས་ཀྱང་ཆོག་ཟེར། 

ཧྲ་ཞེ་ཏི་ཡིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་མ་འོངས་པར་རེ་བས་ཁེངས་དགོས་ཤིང་། འདྲ་མཉམ་ངང་འགོག་སྨན་ཐོབ་པར་འགན་སྲུང་དང་། རིམས་ནད་རྗེས་ཀྱི་སླར་གསོ་ལ་སྐུལ་འདེད་གཏོང་བ། ནམ་ཟླའི་འགུལ་སྐྱོད་གཙོར་འཛིན་པ། འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་མཉམ་འབྲེལ་རྒྱལ་ཚོགས་སྔར་ལས་གསོན་ཤུགས་ལྡན་པར་བྱེད་དགོས་ཟེར། ཧྲ་ཞེ་ཏི་ཡིས་བཤད་རྒྱུར། ང་ཚོས་བར་ཁྱད་ཁ་གསབ་བྱེད་ཐུབ་པ་ཡིན། ང་ཚོ་རང་ཉིད་འཁུམ་ནས་མ་བསྡད་ན་སྟོབས་ཤུགས་གང་རུང་གིས་ང་ཚོའི་མདུན་སྐྱོད་ལ་བཀག་འགོག་བྱེད་མི་ཐུབ་ལ། ང་ཚོས་འབད་བརྩོན་བྱས་ཏེ་མི་ཀུན་གྱིས་རེ་སྨོན་པའི་མཉམ་འབྲེལ་རྒྱལ་ཚོགས་སུ་འགྱུར་བར་བྱེད་རྒྱུ་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་གཙོ་བྱས་པའི་གྲོས་ཞིབ་དང་ལྟ་རྟོག ཞིབ་བཤེར་བཅས་ཀྱི་ལས་ཁུངས་ཤིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་མཉམ་དུ་གྲུབ་པ་ཡིན། ཚོགས་ཆེན་དེས་ལོ་རེའི་ཟླ་དགུ་བ་དང་ཟླ་བཅུ་གཉིས་པར་རྒྱུན་ལས་གྲོས་ཚོགས་སྤེལ་བཞིན་ཡོད། རྒྱུན་ལས་གྲོས་ཚོགས་དེ་སྤྱིར་བཏང་དུ་དུས་རིམ་གཉིས་སུ་བགོས་ཡོད་དེ། དུས་རིམ་སྔོན་མ་ནི་སྤྱིར་བཏང་རང་བཞིན་གྱི་དཔྱད་གླེང་དུས་རིམ་ཡིན་པ་དང་། དུས་རིམ་གཉིས་པ་ནི་ཚོགས་ཆེན་ནས་གྲོས་རིམ་ནང་བཞག་པའི་གྲོས་གཞི་སྣ་ཚོགས་ལ་གྲོས་ཞིབ་བྱེད་པའི་དུས་རིམ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།