ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞིས་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་དབྱེ་སི་ལཱ་མུས་ཀྱིས་ཚེས་ཉི་ཤུ་ཉིན་ཨ་མེ་རི་ཁས་ནོར་འཆུག་གི་སྲིད་ཇུས་ཡོ་བསྲང་བྱས་ཏེ། དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་དགོས་པའི་སྐུལ་མ་བཏང་།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། དབྱེ་སི་ལཱ་མུས་ཀྱིས་ཉིན་དེར་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། ཨ་མེ་རི་ཁའི་སྔོན་ཆད་ཀྱི་སྲིད་གཞུང་གིས་དབྱི་ལིང་ལ་གནོན་ཤུགས་སྟེར་བའི་སྲིད་ཇུས་ལག་བསྟར་བྱས་པར་ཕམ་ཉེས་བྱུང་ཡོད། ཨ་མེ་རི་ཁའི་ཕྱོགས་ལ་གདམ་གསེས་གཞན་པ་མེད་པས། ངེས་པར་དུ་ཕྱོགས་གཅིག་གི་བཀག་སྡོམ་བསྐྱུར་ཏེ་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་དགོས་ཟེར། ཁོས་བཤད་རྒྱུར། ད་ལྟ་ནི་ཨ་མེ་རི་ཁས་ནོར་འཆུག་གི་སྲིད་ཇུས་ཡོ་བསྲང་བྱེད་པའི་དུས་ཡིན་ལ། དངོས་གཉེར་དང་ནུས་ལྡན། ཉམས་སད་ཐེག་པའི་བྱེད་ཐབས་ཀྱིས་དབྱི་ལིང་གི་བཀག་སྡོམ་ཚང་མ་མེད་པར་གཏོང་བའི་དུས་ལ་བབས་ཡོད་ཟེར།

དབྱེ་སི་ལཱ་མུས་ཀྱིས་བསྟན་དོན། དབྱི་ལིང་གིས་ནམ་རྒྱུན་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་བར་མཉམ་ལས་བྱེད་བཞིན་ཡོད་ཅིང་། རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱིས་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་སྔོན་འགོག་བྱས་ཏེ། སྒེར་ཚུགས་རང་བཞིན་དང་དྲང་བདེན་རང་བཞིན། ཆེད་ལས་རང་བཞིན་བཅས་སྲུང་འཛིན་བྱེད་དགོས། དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་དང་བྱ་འགུལ་དེ་ཞི་བདེའི་དམིགས་ཡུལ་ཁོ་ནའི་ཆེད་དུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།