ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་དུས་སྐབས་ཞེས་པའི་མཐོ་རིམ་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་ཉི་ཤུ་ཉིན་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་གྲོས་རིམ་མངོན་འགྱུར་བྱེད་པའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་དུས་སྐབས་ཞེས་པའི་མཐོ་རིམ་བྱ་འགུལ་སྤེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་རྒྱལ་ཁབ་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་ཡང་དག་གི་ལམ་དུ་ཡང་བསྐྱར་ཞུགས་པར་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་མདུན་དུ་སྔ་ན་མེད་པའི་འགྲན་རྩོད་ལྷགས་ཡོད་ཅིང་། ནམ་ཟླའི་འགྱུར་ལྡོག་དང་པྲོག་གསར་གློ་ཚད་རིམས་ནད་སོགས་ལས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་སྔར་ལས་མངོན་འགྱུར་བྱེད་དཀའ་བར་གྱུར་ཡོད། ཡིན་ཡང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དེ་མངོན་འགྱུར་བྱེད་མི་ཐུབ་པ་ཞིག་མིན་ཟེར། ཁོས་པྲོག་གསར་གློ་ཚད་རིམས་ནད་མཇུག་སྒྲིལ་བ་དང་། རྒྱུན་མཐུད་འདྲ་མཉམ་གྱི་ཐབས་ཀྱིས་རིམས་ནད་ཁྲོད་ནས་སླར་གསོ་འབྱུང་བར་བརྩོན་ལེན་བྱེད་པ། ཕོ་མོའི་འདྲ་མཉམ་ལ་འགན་སྲུང་བྱེད་པ། ཁོར་ཡུག་སྲུང་སྐྱོབ་བྱེད་པ། མང་ཚོགགས་ཟབ་ཞུགས་བྱེད་པར་སྐུལ་མ་གཏོང་བ་བཅས་ཁྱབ་ཁོངས་ལྔ་ནས་འགུལ་སྐྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་མིག་སྔའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཐག་གཅོད་བྱེད་ཐབས་དེ་ནུས་ལྡན་མིན་པ་དང་དོ་མཉམ་མིན་ཟེར། ཁོས་འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་སྨན་རྒྱག་པའི་འཆར་གཞིར་བརྟེན་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོན་སྐྱེད་བྱེད་ཚད་ལྡབ་འགྱུར་གྱིས་ཇེ་མང་དུ་བཏང་སྟེ། སང་ལོའི་ལོ་དཀྱིལ་བར་དུ་འཛམ་གླིང་ཡོངས་སུ་འགོག་སྨན་བརྒྱབ་པའི་ཚད་བརྒྱ་ཆའི་བདུན་ཅུར་སླེབས་པ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་། རྒྱུན་མཐུད་དང་འདྲ་མཉམ་གྱི་ཐབས་ཀྱིས་རིམས་ནད་ཁྲོད་སླར་གསོ་བྱེད་པར་ཁག་ཐེག་བྱེད་ཆེད། སློབ་གསོ་དང་སྤྱི་ཚོགས་འགན་སྲུང་། སྨན་བཅོས། ལས་ཞུགས་སོགས་ཁྱབ་ཁོངས་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་དགོས་པ་དང་། འཛམ་གླིང་ཡོངས་ཀྱི་དངུལ་ལོར་མ་ལག་བཅོས་བསྒྱུར་བྱེད་པ་དང་བུ་ལོན་འགན་ཁུར་ཐག་གཅོད་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་དམིགས་བསལ་གྱི་དངུལ་ལེན་དབང་ཆའི་ཁྲོད་ཁེ་ཕན་ཐོབ་པར་ཁག་ཐེག་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་ཕོ་མོ་འདྲ་མཉམ་མིན་ན་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་མི་སྲིད་ཟེར། ཁོས་འཛམ་གླིང་སྟེང་གི་འཐབ་འཁྲུག་མཇུག་སྒྲིལ་བ་དང་། ཉིས་སྟོང་ལྔ་བཅུ་ལོའི་བར་དྲོད་རླངས་ཅི་ཡང་ཕྱིར་མི་གཏོང་བ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱས་ཏེ། ནམ་ཟླ་དང་སྐྱེ་དངོས་སྣ་མང་ཅན་གྱི་འགུལ་སྐྱོད་སྔར་ལས་འགྱུར་མེད་ངང་སྤེལ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལྷད་མེད་དཔལ་འབྱོར་ཅན་དུ་བསྒྱུར་བར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་ཀྲུའུ་ཞི་ཧྲ་ཞེ་ཏི་ཡིས་གཏམ་བཤད་སྤེལ་སྐབས་ཆབ་སྲིད་རེ་འདོན་དང་ཐོན་ཁུངས་དངུལ་གཏོང་ཐད་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། ངེས་པར་དུ་རྒྱལ་ཁབ་སོ་སོ་དང་ཁྱད་པར་དུ་ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་དང་སྐམ་སའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ། གླིང་ཕྲན་དུ་ཡོད་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བཅས་ལ་པྲོག་གསར་གློ་ཚད་རིམས་ནད་ཁྲོད་ནས་རྒྱུན་མཐུད་རུང་བའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་ཐོན་ཁུངས་འདང་ཚིམས་པ་ཐོབ་པར་ཁག་ཐེག་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་འགན་ཁུར་བ་དང་། རྒྱལ་ཁབ་རེ་འགའི་མགོ་ཁྲིད་པ། དམངས་ཁྲོད་རྩ་འཛུགས་ཀྱི་འཐུས་མི་སོགས་ཐེངས་འདིའི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།