སི་ཕེན་རྒྱལ་ཁབ་ཀྱི་ལཱ་ཕ་ཨར་མཱ་གླིང་དུ་མེ་རི་འཕྱུར་བས་མི་སྟོང་ལྔ་ལྷག་གནས་གཞན་ལ་སྤར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་ཕེན་རྒྱལ་ཁབ་ཀྱི་ཡུལ་སྐོར་གནས་མཆོག་ལཱ་ཧ་ཨར་མཱ་གླིང་དུ་ཚེས་བཅུ་དགུ་ཉིན་མེ་རི་འཕྱུར་བས། ས་དེའི་མི་སྟོང་ལྔ་ལྷག་གནས་གཞན་དུ་སྤར།

སི་ཕེན་གྱི་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ས་དེའི་ཚེས་བཅུ་དགུ་ཉིན་གྱི་དུས་ཚོད་བཅོ་ལྔ་དང་སྐར་མ་བཅུ་གཉིས་སྟེང་། ལཱ་ཕ་ཨར་མཱ་གླིང་གི་མེ་རི་འཕྱུར་བ་དང་། བརྙན་རིས་ལས་རི་རྩེ་རུ་དུ་བ་ལྷོག་ལྷོག་ཏུ་ཐོན་པའི་རྗེས་སུ་མེ་རི་འཕྱུར་ནས་མེ་དགྲ་བྱུང་། མིག་སྔར་ས་དེའི་སྡོད་དམངས་དང་ཡུལ་སྐོར་པ་སྟོང་ལྔ་ལྷག་གནས་གཞན་དུ་སྤར་ཡོད། སི་ཕེན་ཉེན་རྟོག་ཕྱོགས་དང་རྒྱལ་དམངས་སྲུང་དམག་རུ་ཁག་གིས་གྱེན་འཕུར་གནམ་གྲུ་དང་མྱུར་སྐྱོབ་མི་སྣ་ཉིས་བརྒྱ་ལྷག་དོན་རྐྱེན་བྱུང་སར་མངགས།

བསྒྲགས་པའི་གནས་ཚུལ་ལྟར་ན། མེ་རི་མ་འཕྱུར་བའི་སྔོན་གྱི་དུས་ཚོད་འགའི་རིང་ལ། ས་དེ་རུ་ཚད་རིམ་བཞི་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་། དེ་ནི་ཉེ་བའི་ཉིན་བརྒྱད་ཀྱི་རིང་ལ་ཚད་ལེན་བྱུང་བའི་ས་འགུལ་ཐེངས་སྟོང་གཅིག་ལྷག་ཁྲོད་ཀྱི་ཚད་རིམ་ཆེས་མཐོ་བའི་ཐེངས་ཤིག་རེད།

སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ཡིས་ཉིན་དེར་སྤྱི་ཚོགས་སྨྱན་སྦྱོར་བརྒྱུད་དེ་བཤད་རྒྱུར། ཁོས་ཨ་མེ་རི་ཁའི་ཉིག་ཡའོ་གྲོང་ཁྱེར་དུ་སོང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པར་ཞུགས་པའི་འཆར་གཞི་རྗེས་སུ་བསྣུར་ཡོད་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། སང་ཆེ་སི་ལཱ་ཕ་ཨར་མཱ་གླིང་དུ་གནོད་འཚེའི་གནས་ཚུལ་ལ་རྟོག་ཞིབ་བྱེད་པར་ཐོན་ཡོད་པར་མ་ཟད། རྒུད་སྐྱོབ་བྱ་བར་བཀོད་འདོམས་དང་མཐུན་སྦྱོར་བྱེད་བཞིན་ཡོད་ཟེར།

ལཱ་ཕ་ཨར་མཱ་གླིང་གི་མེ་རིའི་གླིང་ཞིག་ཡིན་པ་དང་། སི་ཕེན་རྒྱལ་ཁབ་ཀྱི་ཅ་ནཱ་ལེ་གླིང་ཚོམ་གྱི་ནུབ་བྱང་ཕྱོགས་སུ་ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བདུན་བརྒྱ་དང་བརྒྱད་ཡོད་ལ། གླིང་དེའི་ཆེས་མཐོ་སར་མཚོ་འཕགས་ལ་སྨི་ཉིས་སྟོང་བཞི་བརྒྱ་ཉེར་དྲུག་ཡོད་པ་དང་། མི་གྲངས་ཁྲི་བརྒྱད་དང་སྟོང་གསུམ་ཡོད། གླིང་དེར་ལོ་རྒྱུས་ཟིན་ཐོ་ཡོད་པའི་ཚུན་ལ་མེ་རི་ཐེངས་བདུན་ལ་འཕྱུར་མྱོང་བ་དང་། ཐེངས་སྔོན་མར་མེ་རི་འཕྱུར་དུས་ནི་གཅིག་སྟོང་དགུ་བརྒྱ་དོན་གཅིག་ལོ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།