ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཤར་རྒྱུད་ཀྱི་ནན་ཀི་ཧ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅ་ལ་ལ་པ་ཏི་ནས་ཚེས་བཅོ་བརྒྱད་ཉིན་འགས་གཏོར་དོན་རྐྱེན་གསུམ་བྱུང་ནས། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་དགུ་རྨས།
ཅ་ལ་ལ་པ་ཏི་སྤྱི་ཐུན་འཕྲོད་བསྟེན་ལས་ཁུངས་ཀྱི་དཔོན་རིགས་ཀྱིས་ཚེས་བཅོ་བརྒྱད་ཉིན་སྨྱན་བྱད་ཅིག་གི་སྟེང་བཤད་དོན། ཉིན་དེའི་སྔ་དྲོར་ཉེན་རྟོག་ས་ཁུལ་དྲུག་པ་དང་ཉེན་རྟོག་ས་ཁུལ་བཞི་བ་ནས་བསྡོམས་པས་འགས་གཏོར་དོན་རྐྱེན་གསུམ་བྱུང་ཞིང་། འཇབ་རྒོལ་བྱེད་པའི་དམིགས་ཡུལ་ནི་ཐ་ལི་པན་མི་སྣའི་རླངས་འཁོར་ཡིན་པ་དང་། ཐེངས་འདིའི་འགས་གཏོར་ཁྲོད་དུ་བསྡོམས་པས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་དགུ་རྨས་ཤིང་། དེའི་ནང་གི་ཤི་རྨས་བྱུང་མཁན་མང་ཤོས་ནི་ཐ་ལི་པན་གྱི་མི་རེད་ཟེར།
མིག་སྔའི་བར་དུ་མི་དང་རྩ་འཛུགས་གང་རུང་གིས་གོང་གི་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་མ་བླངས། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཨ་ཧྥུའུ་ཧན་ཤར་རྒྱུད་དུ་འགས་གཏོར་དོན་རྐྱེན་གསུམ་བྱུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་དགུ་རྨས།