ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་ཁཱ་པོར་གྱི་བར་སྣང་འཇབ་རྒོལ་ལས་མི་སེར་དཀྱུས་མ་བཅུ་རྐྱེན་ལམ་དུ་ཤོར་བ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་ཁས་ལེན་བྱས་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས་ལག་བསྟར་བྱས་པའི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ལས་ས་དེའི་མི་སེར་དཀྱུས་མ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་བདུན་འདུས་ཡོད་ཟེར། 

ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གི་དམག་སྤྱི་མེད་ཁུན་ཆི་ཡིས་ཉིན་དེར་རྒྱལ་སྲུང་པུའུ་ཡི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྟོག་ཞིབ་དང་དཔྱད་འཇོག་བྱས་པ་བརྒྱུད། ཨ་མེ་རི་ཁའི་དམག་དཔུང་གིས་སྐབས་ཐོག་དེར་འཇབ་རྒོལ་བྱས་པའི་རླངས་འཁོར་དང་རྐྱེན་ལམ་དུ་ཤོར་བའི་མི་ཚང་མ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཨ་ཧྥུའུ་ཧན་ཡན་ལག་རུ་ཁག་ལ་འབྲེལ་བ་ཡོད་པ་དཔེ་མི་སྲིད་པ་དང་། ཨ་མེ་རི་ཁའི་དམག་དཔུང་ལའང་ཐད་ཀར་འཇིགས་ཉེན་བཟོ་མི་སྲིད། ཐེངས་འདིའི་འཇབ་རྒོལ་ནི་སྐྱོ་གར་རང་བཞིན་གྱི་ནོར་འཆུག་ཅིག་ཡིན་པས། ཁོས་དོན་དེར་དགོངས་དག་ཞུས་པ་ཡིན་ལ། འགན་འཁྲི་ཚང་མ་ཁུར་དུ་ལེན་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁས་དེའི་སྔོན་གྱི་འཇབ་རྒོལ་དོན་རྐྱེན་ཐད་ནས་དགོངས་དག་ཞུས་པ་དང་། གང་ནུས་ཀྱིས་འཇིགས་རུང་གི་ནོར་འཆུག་ལས་བསླབ་བྱ་བསྡུ་ལེན་བྱེད་ངེས་ཡིན་ཟེར། ཁོས་ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གི་འབྲེལ་ཡོད་རྟོག་ཞིབ་ལ་ཡང་བསྐྱར་ལྟ་ཞིབ་བྱས་ཏེ། རྟོག་ཞིབ་ཆ་འཕྲིན་གྱི་འཐུས་ཚང་རང་བཞིན་དང་། འདྲི་གཅོད་བྱེད་པའི་དགོས་གལ་རང་བཞིན་དང་ཚད། ཆམ་ཕབ་གཏོང་བའི་དབང་ཚད་དང་ལས་རིམ་སོགས་བཅོས་བསྒྱུར་བྱེད་དགོས་མིན་སོགས་ལ་དཔྱད་འཇོག་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།