ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་གཞུང་ཚབ་ཚོགས་པས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་རྣམ་པ་མི་འདྲ་བར་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དྲུག་ཉིན་རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་འཐབ་ཇུས་ཡིག་ཆ་སྤེལ། ཀྲུང་གོའི་ཕྱོགས་ཀྱིས་དོན་དེའི་ཐད་ནས་དཔྱད་བརྗོད་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་འབྲེལ་ཡོད་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཀྱི་རྣམ་པ་མི་འདྲ་བར་བརྩི་འཇོག་བྱས་ནས། འདྲ་མཉམ་དང་བཟོད་སྒོམ། མཉམ་ལས་བཅས་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཡོ་རོབ་གླིང་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པའི་མགྲིན་ཚབ་པས་ཉིན་དེར་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཀྲུང་གོས་བལྟས་ན། ཕྱོགས་སོ་སོས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཐབ་ཇུས་གང་ཡིན་ཡང་སྒོ་འབྱེད་བཟོད་སྒོམ་དང་མཉམ་ལས་གཉིས་རྒྱལ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས། དེ་ས་ཁུལ་རང་གི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ལ་ཕན་ཐོགས་ཡོད་པར་འདོད། འདུ་ཤེས་འཛིན་སྟངས་འབུར་དུ་ཐོན་པ་དང་ས་ཁུལ་གྱི་གནས་བབ་ལ་སྐུལ་སློང་བྱེད་དགོས། ཕྱི་ཡོང་ལ་རྒོལ་བའི་སྣང་ཚུལ་དེ་ས་ཁུལ་གྱི་རྒྱལ་ཁབ་དག་གི་ཞི་བདེ་དང་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་། མཉམ་ལས་ལ་སྐུལ་འདེད་གཏོང་བའི་རེ་འདུན་དང་དུས་རབས་ཀྱི་རླབས་རྒྱུན་དང་རྒྱབ་འགལ་དུ་གྱུར་ཡོད་པས། དེར་ལེགས་འགྲུབ་འབྱུང་མི་སྲིད་པ་ཁོ་ཐག་རེད་ཟེར། 

མགྲིན་ཚབ་པས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་ཀྱིས་ས་ཁུལ་རང་གི་རྒྱལ་ཁབ་དག་གི་རེ་འདུན་དང་འཕེལ་རྒྱས་རྣམ་པ་མི་འདྲ་བར་བརྩི་འཇོག་གང་ལེགས་བྱས་ཏེ། ངེས་པ་དོན་གྱིས་འདྲ་མཉམ་དང་བཟོད་སྒོམ། མཉམ་ལས་བཅས་རྒྱུན་འཁྱོངས་བྱས་ན། ད་གཟོད་ས་ཁུལ་གྱི་གཏན་འཇགས་དང་དར་རྒྱས་ཐད་བྱས་རྗེས་འཇོག་ཐུབ་ཟེར། 

མཚམས་སྦྱོར་བྱས་པ་ལྟར་ན། འཐབ་ཇུས་ཡིག་ཆ་དེར་ཡོ་རོབ་གླིང་མནའ་འབྲེལ་གྱིས་རང་ས་ཁུལ་བར་འཐབ་ཇུས་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་པའི་བྱེ་བྲག་གི་འགུལ་སྐྱོད་འདུས་ཡོད་པ་དང་། ས་ཁུལ་གྱི་རྒྱལ་ཁབ་དག་བར་གྱི་ཉོ་ཚོང་གྲོས་མོལ་ཡོངས་འགྲུབ་བྱེད་པ་དང་། འབྲེལ་ཡོད་རྒྱལ་ཁབ་བར་གྲོགས་པོ་དང་མཉམ་ལས་ཀྱི་གྲོས་མཐུན་འགོད་པ། ནམ་ཟླའི་འགྱུར་ལྡོག་དང་ཁོར་ཡུན་ཞན་འགྱུར་ཐག་གཅོད་བྱེད་པར་དམིགས་པའི་ལྷད་མེད་མནའ་འབྲེལ་དང་གྲོགས་པོའི་མཉམ་ལས་གྲོས་མཐུན་འགོད་པ། ཉ་གསོ་ལས་རིགས་ཀྱི་དོ་དམ་ལ་ཤུགས་སྣོན་པ། གྲངས་ལྡན་ཅན་གྱི་མཉམ་ལས་རྒྱ་བསྐྱེད་པ། ཞིབ་འཇུག་དང་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་པ་སོགས་འདུས། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཉིན་དེར་བསྟན་དོན། ཡུལ་བབ་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཕྱོགས་ནས་བལྟས་ན། འཛམ་གླིང་གི་གནད་ས་དེ་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་དུ་སྤོ་སྣུར་བྱེད་བཞིན་ཡོད་པས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ས་ཁུལ་དེའི་བར་གྱི་ཕྱོགས་སོ་སོའི་འབྲེལ་གཏུག་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།