ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁར“འགྲོ་བ་མིའི་ཐོབ་ཐང་གི་ཤན་འབྱེད་དཔོན་པོ”བྱེད་པའི་ཐོབ་ཐང་མེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་ཧྲེང་།

ཨ་མེ་རི་ཁ་ལ་མི་འབོར་འདྲེན་འཚོང་གི་མུན་ནག་ལོ་རྒྱུས་ཡོད་པར་མ་ཟད་མི་འབོར་འདྲེན་འཚོང་གི་དོན་དངོས་ངན་པ་ལྷག་ཏུ་ཡོད། མི་འབོར་འདྲེན་འཚོང་གི་ཐོན་ལས་ཆེན་པོ་དང་བསྡུར་ན། ཨ་མེ་རི་ཁས་མི་འབོར་འདྲེན་འཚོང་ལ་རྡུང་རྡེག་བྱས་པའི་ཧུར་བརྩོན་ནི་ཇི་འདྲའི་ཉམ་ཆུང་བ་ཞིག་རེད་ཨང་།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན་ལོ་འཁོར་གྱི“མི་འབོར་འདྲེན་འཚོང་གི་སྙན་ཞུ”ཟེར་བ་ཞིག་ཁྱབ་སྒྲོག་བྱས་ཏེ། རྒྱལ་ཁབ་གཞན་ལ་བྱུང་རྒྱལ་དུ་སྐྱོན་འཛུགས་བྱས་པ་དང་། གང་འདོད་དུ་དམའ་འབེབས་དང་སྐུར་བ་བཏབ་ནས། རང་སྟེང་གི་མི་འབོར་འདྲེན་འཚོང་གནད་དོན་སྟེང་གི་ནག་ནོག་གི་ཤུལ་རྗེས་མ་མཐོང་བར། རང་རྒྱལ་ཁབ“ཆེས་བཟང་པོ་ཨང་དང་པོའི་རིགས་ཀྱི་མིང་ཐོ”གྲས་སུ་བཞག ཨ་མེ་རི་ཁས་ལོ་རེ་ལས་ལོ་རེར་ནམ་ཡང་གཞན་ལ་སྐྱོན་འཛུགས་བྱས། རྫུན་མ་རྫུན་རྐྱང་གི་ཆ་འཕྲིན་འདི་རིགས་བཟོས་ནས་ཚད་ཅི་ཡང་མེད་པར་རང་ཉིད་མཛེས་བསྒྱུར་དང་གཞན་པ་བཙོག་བསྒྱུར་བྱེད་པའི“སྙན་ཞུ”འདི་དག་གིས་རང་ཉིད་ལ་འུར་བསྟོད་བྱེད་པའི“འགྲོ་བ་མིའི་རིགས་ཀྱི་སྒྲོན་འོད”འོག་གི“མུན་ནག”གི་དོན་དངོས་གནས་ཚུལ་བསྒྱུར་མི་ཐུབ། དེ་ནི་འཛམ་གླིང་གི་སྐྱེ་བོ་ཀུན་ལ་ཨ་མེ་རི་ཁས་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་མ་རུང་ཁོག་བཅུག་ཤེས་སུ་བཅུག་པ་ལས་ཅི་ཡང་མེད།

ཨ་མེ་རི་ཁས་སྙན་ཞུ་ཁྱབ་སྒྲོག་བྱེད་སྐབས“གོ་ལ་ཧྲིལ་པོར་ཨ་རི་པ་ལྟར་བདེ་འཇགས་དང་དར་རྒྱས་ཀྱི་རིན་ཐང་ལོངས་སྤྱོད་པར་སྐུལ་འདེད་གཏོང་བར་ཤུགས་ཡོད་རྒུ་འདོན་པ་ཡིན”ཟེར་བཞིན་ཡོད། བརྗོད་པ་འདི་རིགས་ཁྲེལ་མེད་འུད་ཤོབ་ཡིན་ལ་རང་ཉིད་ཀྱི་གདོང་ལ་རང་ཉིད་ཀྱིས་གཞུས་པ་ཡིན་པ་གདོན་མི་ཟ། ཤོག་ངོས600ལྷག་ཡོད་པའི་སྙན་ཞུའི་ནང་དུ། ཨ་མེ་རི་ཁས་ཤོག་ངོས་ཕྱེད་ཙམ་ཡང་མི་ལོངས་པའི་སྟེང་རང་སྟེང་གི་གནད་དོན་ཆེ་བར་གཡོལ་ནས་ཆུང་བ་གླེང་ཡོད་མོད། དེ་ནི་བརྗེད་ངས་ཀྱི་ནད་སྙིང་འཕར་བ་མཚོན་པ་སྟེ། ཨ་མེ་རི་ཁར་མི་འབོར་འདྲེན་འཚོང་གི་མུན་ནག་ལོ་རྒྱུས་ཡོད་པར་མ་ཟད། མི་འབོར་འདྲེན་འཚོང་གི་དོན་དངོས་ངན་པ་ལྷག་ཏུ་ཡོད་པས། ཨ་མེ་རི་ཁར“འགྲོ་བ་མིའི་ཐོབ་ཐང་གི་དགེ་རྒན”དང“འགྲོ་བ་མིའི་ཐོབ་ཐང་གི་ཤན་འབྱེད་དཔོན་པོ”བྱེད་པའི་ཐོབ་ཐང་ཡེ་ནས་མེད།

ཨ་མེ་རི་ཁ་རྒྱལ་ཁབ་བཙུགས་པ་དེ་ཁྲག་དྲི་བྲོ་བའི་གདུག་རྩུབ་ཀྱི་བྲན་གཡོག་ཉོ་འཚོང་དང་ཐད་ཀར་འབྲེལ་བ་ཡོད་པས། ནག་ཉེས་ཀྱི་ལོ་རྒྱུས་འདི་ནམ་ཡང་གཙང་མར་བཀྲུ་ཐབས་མེད། ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་ཏེ་བྲན་གཡོག་ཉོ་འཚོང་བྱས་པ་ནི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་བའི་ཐག་རིང་དུ་བཙན་གྱིས་མི་འབོར་འཁོར་རྒྱུག་བྱེད་དུ་བཅུག་པ་ཞིག་ཡིན། 1619ལོར། ཟིན་ཐོར་བཀོད་པའི་གླིང་ཆེན་ཨ་ཧྥེ་རི་ཁའི་མི་ནག་སྐོར་དང་པོ་ཨ་མེ་རི་ཁ་བྱང་མའི་ཀྲན་མུའུ་སི་ཏུན་དུ་དྲུད་ནས། མི་ནག་རྣམས“སྐམ་ས་ཆེན་མོ་གསར་པ”འདི་ནས་བྲན་དུ་བཀོལ་བའི་ཁྲག་དྲི་བྲོ་ཞིང་མིག་ཆུ་འཁོར་བའི་ལོ་རྒྱུས་དེའི་མགོ་བརྩམས། “ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་བྲན་གཡོག་ཉོ་འཚོང་གི་གྲངས་མཛོད”ཀྱི་སྡོམ་རྩིས་ལྟར་ན། 1514ལོ་ནས1866ལོའི་བར། རིམ་བསགས་ཀྱིས་ཧྥེ་གླིང་པ་ཁྲི་ཚོ1250“སྐམ་ས་ཆེན་མོ་གསར་པ”ལ་འདྲེན་འཚོང་བྱས། འདིའི་ནང་ད་རུང་ལམ་བར་ནས་མི་ཤིན་ཏུ་མང་པོ་ཤི་བའི་གྲངས་ཀ་མི་ཐེ། ཨ་མེ་རི་ཁ1776ལོར་རང་བཙན་བྱེད་སྐབས་བྲན་གཡོག་འཛིན་པ་ནི་སྔར་བཞིན་ཁྲིམས་མཐུན་རེད། ཆའོ་ཀྲི·ཧྭ་ཧྲེང་ཏུན་དང་ཐའོ་མ་སི·ཅེ་ཧྥེ་ཞུན་སོགས་ཚང་མ་བྲན་གཡོག་གི་བདག་པོ་རེད། ཐ་ན1865ལོར་ཨ་མེ་རི་ཁས་བྲན་གཡོག་ལམ་ལུགས་མེད་པར་བཟོས་པ་ཁྱབ་བསྒྲགས་བྱས་རྗེས། ལྷོ་ཕྱོགས་ཀྱི་མངའ་སྡེ་མང་པོ་ཞིག་ཏུ་ད་རུང་མི་ནག་ལ་རིགས་རྒྱུད་ལོགས་བཀར་བྱེད་པའམ་མཐོང་ཆུང་རང་བཞིན་གྱི་སྲིད་ཇུས་གཞན་པའི་བཅའ་ཁྲིམས་རབ་དང་རིམ་པ་འགྲེམ་བསྒྲགས་བྱས། ད་རག་བར་དུ། ཨ་མེ་རི་ཁ་ན་སྡེ་ཚན་རང་བཞིན་གྱི་རིགས་རྒྱུད་མཐོང་ཆུང་སྔར་བཞིན་གནས་ལ། དེ་ནི་ཨ་མེ་རི་ཁའི་སྤྱི་ཚོགས་ཐར་ཐོར་དུ་འགྱུར་བྱེད་ཀྱི་གཏིང་རིམ་གྱི་རྒྱུ་རྐྱེན་གྲས་རེད།

ཨ་མེ་རི་ཁ་རྒྱལ་ཁབ་གཞན་ལ་སྐྱོན་འཛུགས་རྒྱུར་དགའ་ལ། འོན་ཀྱང་རང་གི་རྒྱལ་ཁབ་ཏུ་མི་འབོར་འདྲེན་འཚོང་བྱེད་པ་དང་བཙན་གྱིས་ལས་ཀ་ལས་སུ་འཇུག་པའི་གནས་ཚུལ་གང་སར་ཁྱབ་ཡོད། ཨ་མེ་རི་ཁའི་ཁེ་གཉེར་མ་ཡིན་པའི་རྩ་འཛུགས་ཤིག་གི“བྱང་སྣེ་སྐར་མའི་འཆར་གཞི”ཡི་སྡོམ་རྩིས་ལྟར་ན། 2007ལོའི་ལོ་མཇུག་ནས2019ལོའི་ལོ་མཇུག་བར། ཨ་མེ་རི་ཁ་ནས་ཡར་ཞུ་བྱས་པའི“རྒྱལ་ཡོངས་ཀྱི་མི་འབོར་འདྲེན་འཚོང་གི་ཚ་གནད”གྱོད་གཞི་བསྡོམས་པས63380ཡོད་ལ། དེའི་ནང་། 2019ལོར་ཡར་ཞུ་བྱས་པའི་མི་འབོར་འདྲེན་འཚོང་གི་གྱོད་གཞི11500ཡོད། གནོད་པ་ཐེབས་པའི་མི22326དང་འབྲེལ་བ་ཡོད། འདས་པའི་ལོ་ངོ5ཡི་རིང་ལ། ཨ་མེ་རི་ཁའི་མངའ་སྡེ50པོ་ཚང་མ་དང་ཧྭ་ཧྲེང་ཏུན་ཁོ་ལོམ་པི་ཡ་དམིགས་བསལ་ས་ཁུལ་ཚང་མ་ན་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་པ་དང་མི་འབོར་འདྲེན་འཚོང་གི་གྱོད་གཞི་ཡོད་པའི་ཡར་ཞུ་ཡོད། རྩ་འཛུགས་དེས་བཤད་དོན། “གྲངས་ཀ་འདི་དག་གིས་མི་རྣམས་ཧ་ལས་སུ་འཇུག་མོད། འོན་ཀྱང་གྲངས་ཀ་འདི་དག་ནི་དོན་དངོས་ཁྲོད་ཀྱི་ཆ་ཤས་ཙམ་ཡིན་སྲིད།” ཨ་མེ་རི་ཁའི་རིག་གཞུང་སྡེ་ཚན་ཁ་ཤས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ཨ་མེ་རི་ཁ་རུ་ཉུང་མཐའ་ཡང་མི་ཁྲི50ཡིས་དེང་རབས་བྲན་གཡོག་གི་སྡུག་མྱོང་བཞིན་ཡོད་པར་མ་ཟད་བཙན་སྐུལ་ངལ་རྩོལ་གྱི་སྡུག་ཀྱང་མྱོང་བཞིན་ཡོད། གནོད་པ་དེ་ཐེབས་མཁན་གྱི་ཁྲོད་ན་ཁོ་ཚོའི་རྒྱལ་ཁབ་ཀྱི་སྤྱི་དམངས་ཡོད་ལ། ཕལ་ཆེར་འཛམ་གླིང་གི་ས་ཁུལ་ཚང་མ་ནས་ཐོན་པའི་ཕྱི་རྒྱལ་གྱི་སྤྱི་དམངས་ཀྱང་ཡོད། ཐ་ན་བུད་མེད་དང་བྱིས་པ། དབང་པོ་སྐྱོན་ཅན་སོགས་གཉོམ་ཆུང་མི་ཚོགས་ཀྱང་འདུས། ཨ་མེ་རི་ཁའི་མཁས་པས་གསལ་པོར་བཤད་དོན། དེང་རབས་བྲན་གཡོག་ལམ་ལུགས་སྔར་བཞིན་ཨ་མེ་རི་ཁ་རུ་ཡོངས་སུ་ཁྱབ་ཡོད་ལ། དེ་ནི“རྣམ་པ་གསར་པ་ཞིག་བཀོལ་བ་ཙམ་ཡིན།”

མི་འབོར་འདྲེན་འཚོང་གི་ཐོན་ལས་ཆེན་པོ་དང་བསྡུར་ན། ཨ་མེ་རི་ཁས་མི་འབོར་འདྲེན་འཚོང་ལ་རྡུང་རྡེག་བྱས་པའི་ཧུར་བརྩོན་ནི་ཇི་འདྲའི་ཉམ་ཆུང་ཞིག་རེད་ཨང་། མཉམ་འབྲེལ་རྒྱལ་ཚོགས་དུག་རྫས་དང་ཉེས་བསགས་གནད་དོན་གཞུང་ལས་ཁང་གིས་ད་ལོའི་ཟླ2པར་ཁྱབ་སྒྲོག་བྱས་པའི《གོ་ལ་ཧྲིལ་པོའི་མི་འབོར་འདྲེན་འཚོང་སྙན་ཞུ》ལས་ཤེས་པ་ལྟར་ན། 2017ལོའི་ཟླ7པ་ནས2018ལོའི་ཟླ6པའི་བར། ཨ་མེ་རི་ཁའི་ཁྲིམས་འཛིན་སྡེ་ཁག་གིས་མངོན་ལྐོག་གང་རུང་ནས་ངོས་བཟུང་བའི་མི་འབོར་འདྲེན་འཚོང་གི་གནོད་པ་ཐེབས་མཁན་མི8913ཡོད་ལ། དེ་དག་ཚང་མ་ཕལ་ཆེར་དུས་སྐབས་གཅིག་རེད། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཁྲིམས་འཛིན་པུའུ། རྒྱལ་ཁོངས་བདེ་འཇགས་པུའུ་བཅས་ཀྱིས་གྱོད་ཐོར་བཀོད་དེ་ཞིབ་བཤེར་བྱས་པའི་གྱོད་གཞི2183ཡོད་པ་དང་། གྱོད་གཏུག་བྱེད་མཁན་མི386ཡོད། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྟན་དོན། 2000ལོར《མི་འབོར་འདྲེན་འཚོང་གི་གནོད་པ་ཐེབས་མཁན་སྲུང་སྐྱོབ་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་རྗེས། མི་འབོར་འདྲེན་འཚོང་དེ་ད་གཟོད་ཨ་མེ་རི་ཁ་ནས་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་དུ་བརྩིས་པར་མ་ཟད་རྒྱལ་ཕྲན་མཉམ་འབྲེལ་གྱི་ཉེས་བསགས་གྲས་སུ་བཞག ཨ་མེ་རི་ཁའི《རྒྱུ་ནོར》ཞེས་པའི་དུས་དེབ་ཀྱིས་རྣག་ཐོག་གཙགས་ཁེལ་སྒོས་བཤད་དོན། “མི་འབོར་འདྲེན་འཚོང་ནི་ཨ་མེ་རི་ཁ་ནས་ནད་ཡམས་ཤིག་ཡིན་པར་མ་ཟད་དེ་བས་ཀྱང་ཚོང་ལས་ཆེན་མོ་ཞིག་རེད། ”ཨ་མེ་རི་ཁའི་མི་འབོར་འདྲེན་འཚོང་ཐོན་ལས་སྦྲེལ་ཐག་གི་ཁེ་སྤོགས་ཧ་ཅང་མཐོ་བ་དང་། དེའི་ཁར་ལྟ་སྐུལ་དོ་དམ་བྱས་པ་མི་འདང་བ་དང་ཁྲིམས་བཙུགས་པ་འཐུས་ཚང་མིན་པ། ཁྲིགས་བསྟར་ནན་ཏན་མིན་པ་བཅས་ལས་ཁྲིམས་འགལ་པ་དང་འབྲེལ་ཡོད་ཀྱི་ཁེ་ཕན་ཚོགས་པས་ཡང་དང་ཡང་དུ་འུ་ཐུག་ཉེན་མཆོང་བྱས་ཏེ་མི་འབོར་འདྲེན་འཚོང་གི་ཐོན་ལས་ཨ་མེ་རི་ཁ་ནས་ཡུན་དུ་དར་ནས་རྒུད་པ་མེད་པ་ཞིག་ཏུ་གྱུར་ཡོད།

མི་འབོར་འདྲེན་འཚོང་གི་གནད་དོན་དེ་ཨ་མེ་རི་ཁ་རང་སྟེང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་གྱི་སེལ་ཐབས་བྲལ་བའི་ཟུར་ཞིག་རེད། ཉེ་བའི་ལོ་འགའི་རིང་དང་། ལྷག་པར་དུ་རིམས་ནད་བྱུང་བའི་ཚུན་དུ། ཨ་མེ་རི་ཁའི“མི་དཀར་བླ་ན་མེད་པའི་རིང་ལུགས”བསྐྱར་དུ་དར་ནས། གྲངས་ཉུང་རིགས་རྒྱུད་དང་གདོད་མའི་གཞིས་དམངས། བྲོས་བྱོལ་མང་ཚོགས། གནས་སྤོར་མང་ཚོགས་བཅས་ལ་མ་ལག་རང་བཞིན་སྒོས་མཐོང་ཆུང་བྱེད་པའི་སྣང་ཚུལ་སྔར་བཞིན་མངོན་གསལ་དུ་གྱུར་པ་སོགས་རང་ཉིད་ཐབས་རྡུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོའི་མདུན་དང་། ཨ་མེ་རི་ཁའི་མང་ཚོགས་ཀྱིས་མྱོང་བཞིན་པའི་དཀའ་སྡུག་གི་མདུན་དུ། ཨ་མེ་རི་ཁས“འགྲོ་བ་མིའི་ཐོབ་ཐང་གི་མིང”ཐོག་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་སྟོབས་ཤུགས་ཤིག་གང་ནས་ཐོན་པ་ཡིན་ནམ། གང་ལྟར་གཞན་ལ་བཙོག་བསྒྱུར་བྱེད་པ་ལས་རང་ཉིད་མཛེས་བསྒྱུར་བྱེད་མ་ཐུབ་ན། རང་ཉིད་ཀྱི་སྣང་བརྙན་ཇེ་བཙོག་ནས་ཇེ་བཙོག་ཏུ་བཏང་བ་རེད། ཨ་མེ་རི་ཁས་དོན་ངོ་མས་སྒྲུབ་འོས་པ་ནི་རང་སྐྱོན་རང་བརྟག་བྱེད་རྒྱུ་དེ་ཡིན་ལ། རང་ཉིད་ཀྱིས་བསགས་པའི་མི་འབོར་འདྲེན་འཚོང་དང་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་པ་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཉེས་བསགས་དངོས་གནས་ཡོ་བསྲང་བྱས་ཏེ། རྒྱལ་ནང་དུ་རིགས་རྒྱུད་ཀྱི་བདེན་དོན་ཞི་བདེ་སོགས་དོན་ངོ་མས་མངོན་འགྱུར་བྱས་ཏེ། ཨ་མེ་རི་ཁ་མི་དམངས་ལ་དོན་ངོ་མས“བདེ་འཇགས་དང་དར་རྒྱས།རིན་ཐང”བཅས་ལོངས་སུ་སྤྱོད་དུ་འཇུག་རྒྱུ་དེ་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།