ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་མི་ཞེ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་གི་དཔོན་པོ་ཞིག་གིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཚེས་བཅོ་ལྔ་ཉིན་གྱི་ཚུན་ལ་ཡེ་མིན་ལྷོ་ཕྱོགས་ཀྱི་པེ་ཏཱ་ཞིང་ཆེན་ནས་འཁྲུག་རྩོད་དྲག་པོ་བྱས་པ་དང་། མིག་སྔར་ཉུང་མཐར་ཡང་མི་ཞེ་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

མིང་བཤད་མི་འདོད་པའི་དཔོན་པོ་དེས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཚེས་བཅོ་ལྔ་ཉིན་གློ་བུར་དུ་པེ་ཏཱ་ཞིང་ཆེན་གྱི་འཐབ་ཇུས་གནད་ས་འགར་དཔུང་འཇུག་དྲག་པོ་བྱས། བསྟུད་མར་འཁྲུག་རྩོད་བྱས་པ་ལས་སྲིད་གཞུང་གི་དམག་མི་ཉི་ཤུ་དང་ཧུའུ་སེ་དྲག་ཆས་མི་སྣ་ཉེར་ལྔ་རྐྱེན་ལམ་དུ་ཤོར་ཡོད་ལ། མི་ཉིས་བརྒྱ་ལྷག་ལ་རྨས་ཕོག་ཡོད། མིག་སྔར་འཁྲུག་རྩོད་ད་དུང་མཚམས་བཞག་མེད་ཟེར། 

པེ་ཏཱ་ཞིང་ཆེན་གྱི་འཁྲུག་རྩོད་དེ་ཉེ་འཁོར་གྱི་ཨ་པུས་དབྱང་ཞིང་ཆེན་དུའང་མཆེད་ཡོད། དཔོན་པོ་དེས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཨ་པུས་དབྱང་ཞིང་ཆེན་གྱི་མུའུ་ཁའེ་ལཱ་སི་ས་ཁུལ་དུའང་འཁྲུག་རྩོད་དྲག་པོ་བྱས་ཀྱང་། ཤི་རྨས་བྱུང་བའི་མི་གྲངས་གསལ་བོར་བསྒྲགས་མེད་ཟེར། 

ད་ལོའི་ཟླ་གཉིས་པའི་ཚུན་ལ། ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་རྒྱུན་དུ་བྱེད་བཞིན་ཡོད་ཅིང་། ཕྱོགས་གཉིས་ཀྱི་འཐབ་མོ་བ་དང་མི་སེར་དཀྱུས་མ་འདུས་པའི་མི་སྟོང་ཕྲག་ལྷག་རྐྱེན་ལམ་དུ་ཤོར་ཡོད་ལ། མི་ཁྲི་གཉིས་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།