ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཙུང་ཐུང་དང་ཕཱ་ཁི་སི་ཐན་གྱི་ཙུང་ལིའི་གྲོས་མོལ་ལས་ཨ་ཧྥུའུ་ཧན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དཔོན་ཕྱོགས་དྲ་ཚིགས་ཀྱིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཉིན་དེར་ཐཱ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེ་ནས་ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཨ་ཧྥུའུ་ཧན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

ལའེ་ཞེ་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། དབྱི་ལིང་དང་ཕཱ་ཁི་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྦས་ཤུགས་ཆེན་པོ་ཡོད། དབྱི་ལིང་གིས་ས་ཁུལ་རང་གི་རྒྱལ་ཁབ་དག་དང་ཁྱད་པར་དུ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཆོད་སེམས་ཡོད་ལ། ཕཱ་ཁི་སི་ཐན་ལ་དེའི་ཐད་དམིགས་བསལ་གྱི་གོ་གནས་ཡོད་པས། ཕྱོགས་གཉིས་ཀྱིས་ཕྱི་ཡོང་མཁན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཟང་བོར་གཏོར་བརླག་བྱེད་པ་དང་ཤུགས་རྐྱེན་ཐེབས་སུ་འཇུག་མི་རུང་ཟེར། 

ཨ་ཧྥུའུ་ཧན་གྱི་གནས་བབ་གླེང་སྐབས་ལའེ་ཞེ་ཡིས་བསྟན་དོན། ཨ་ཧྥུའུ་ཧན་གྱི་གནད་དོན་ཐག་གཅོད་བྱེད་པའི་གནད་འགག་ནི་བཟོད་སྒོམ་རང་བཞིན་གྱི་སྲིད་གཞུང་ཞིག་འཛུགས་པ་དང་། ཕྱི་རྒྱལ་གྱིས་ཨ་ཧྥུའུ་ཧན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་དུ་འཇུག་མི་རུང་། ཧུར་ཐག་སྒོས་ཨ་ཧྥུའུ་ཧན་གྱིས་ཨ་ཧྥུའུ་ཧན་མི་དམངས་ཀྱི་འདོད་བློ་རྨང་གཞི་བྱས་ཤིང་ཕྱོགས་སོ་སོར་བཟོད་སྒོམ་བྱེད་པའི་སྲིད་གཞུང་ཞིག་འཛུགས་པར་རོགས་རམ་བྱེད་དགོས། ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱས་་པ་ནི་ཨ་ཧྥུའུ་ཧན་དང་ས་ཁུལ་དེའི་ཞི་བདེ་མངོན་འགྱུར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཤིག་རེད་ཟེར། 

དབྱེ་མུའུ་ལན་ཧན་གྱིས་བསྟན་དོན། ཕཱ་ཁི་སི་ཐན་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཆུ་ཚད་ཇེ་མཐོར་བཏང་ན་ས་ཁུལ་དང་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་སྲིད་པར་ཡིད་ཆེས་ཡོད། བདེ་འཇགས་དང་འགན་སྲུང་ལྡན་པའི་ཨ་ཧྥུའུ་ཧན་རྒྱལ་ཁབ་ཅིག་འཛུགས་པ་དེ་ས་ཁུལ་དང་འཛམ་གླིང་གི་རྒྱལ་ཁབ་ཚང་མར་ཕན་ཐོགས་ཡོད། དབྱི་ལིང་དང་ཕཱ་ཁི་སི་ཐན་གྱིས་མཉམ་ལས་ཟབ་མོ་བྱེད་པ་དང་ཕན་ཚུན་འབྲེལ་འདྲིས་བྱས་ཏེ། ཨ་ཧྥུའུ་ཧན་གྱིས་རྒྱལ་ཁབ་འཛུགས་སྐྲུན་དང་བཟོད་སྒོམ་རང་བཞིན་གྱི་སྲིད་གཞུང་འཛུགས་པར་སྟབས་བདེ་བཟོ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།