ཀྲུང་གོ་བོད་ཀྱི་དྲ་བ།

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཏུའུ་ཧྲང་པེ་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་ཐཱ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེ་ནས་བསྡུས། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པས་གཙོ་བོ་ཨ་ཧྥུའུ་ཧན་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

ཐེངས་འདིའི་གྲོས་ཚོགས་ལ་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་མགོ་འཛིན་བྱས་པ་དང་། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ། ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཧྲི་ནེ་དབྱང་། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀྲ་སི་བཅས་དངོས་སུ་གྲོས་ཚོགས་སུ་ཞུགས་ཡོད་ལ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དྲ་ཐོག་ནས་གྲོས་ཚོགས་ལ་ཞུགས། 

ཕུའུ་ཅིན་གྱིས་བསྟན་དོན། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ཡོད་སའི་ས་ཁུལ་དང་ཕྱི་ཕྱོགས་མཐའ་མཚམས་སྔར་བཞིན་གཏན་འཇགས་མིན་ཞིང་། རྒྱལ་ཁབ་སོ་སོ་ཛ་དྲག་ཆེ་བའི་འགྲན་རྩོད་དང་ཉེན་ཁར་འཕྲད་ཡོད། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱིས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱས་རྗེས། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་དམིགས་བསལ་མཐོ་རིམ་གྲོས་ཚོགས་བསྡུས་མྱོང་། ཕྱོགས་སོ་སོས་གཅིག་གྱུར་སྒོས་བལྟས་ན། མིག་སྔའི་གནས་ཚུལ་འོག་ཁོངས་གཏོགས་རྒྱལ་ཁབ་བར་གྱི་མཐུན་སྦྱོར་མཉམ་ལས་ཟབ་མོ་དེ་དུས་གང་རུང་ལས་དགོས་གལ་ཆེ་བར་མངོན་པ་དང་། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་འགོག་སྲུང་དང་ཆབ་སྲིད་སྦས་ཤུགས་བེད་སྤྱོད་གང་ལེགས་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཞི་བདེ། གཏན་འཇགས་བཅས་ལ་ཁག་ཐེག་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 

ལུའུ་ཁཱ་ཧྲིན་ཁི་ཡིས་བསྟན་དོན། འཛམ་གླིང་གི་གནས་བབ་ཛ་དྲག་ཡིན་པ་དང་ས་ཁུལ་གྱི་འཁྲུག་རྩོད་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཨ་ཧྥུའུ་ཧན་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལས་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་བདེ་འཇགས་འཇིགས་ཉེན་འབྱུང་དུ་འཇུག་སྲིད་ཟེར། 

གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་བསྒྲགས་གཏམ་ལས་བཤད་རྒྱུར། ཁོངས་གཏོགས་རྒྱལ་ཁབ་དག་གིས་མུ་མཐུད་དུ་བདེ་འཇགས་འགན་སྲུང་མཉམ་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཡིད་ཆེས་དང་སེམས་ཤུགས་ཇེ་དྲག་ཏུ་བཏང་ནས་འགྲན་རྩོད་གདོང་གིས་བསུ་དགོས། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རང་བཙན་མཉམ་འབྲེལ་ཚོགས་པ། ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ས་ཁུལ་དང་རྒྱལ་སྤྱིའི་རྩ་འཛུགས་བར་གྱི་ཐུན་མོང་གིས་སེམས་ཁུར་བྱེད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།