ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་སང་ལོར་འགོག་སྲུང་མཐོ་རིམ་གྲོས་ཚོགས་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་སང་ལོར་འགོག་སྲུང་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། རང་སྟེང་གི་འགོག་སྲུང་ནུས་པར་ཇི་ལྟར་ཤུགས་སྣོན་པར་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། ཨ་ཧྥུའུ་ཧན་གྱི་མིག་སྔའི་གནས་བབ་ཀྱི་འགྱུར་ལྡོག་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཆོད་དོན་དེ་འདྲ་སྤེལ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཟེར། 

ཧྥུན་ཏི་ལའེ་ཨིན་གྱིས་ཉིན་དེར་ཧྥ་རན་སིའི་སི་ཐི་ལཱ་སི་པའོ་རུ་ཡོད་པའི་ཡོ་རོབ་གླིང་གྲོས་ཁང་ནས་ལས་འགན་ཁུར་རྗེས་ཀྱི་མནའ་འབྲེལ་གྱི་གནས་ཚུལ་སྙན་ཞུ་ཐེངས་གཉིས་པ་སྤེལ། ཁོ་མོས་བཤད་རྒྱུར། ད་ལྟ་ནི་ཡོ་རོབ་གླིང་སྔར་ལས་གོང་འཕེལ་དུ་འགྲོ་བའི་སྐབས་ཡིན་པ་དང་། ཁོ་མོས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོག་སྲུང་མཐོ་རིམ་གྲོས་ཚོགས་བསྡུ་རྒྱུ་ཡིན་པ་དང་། དུས་ཚོད་ནི་ཉིས་སྟོང་ཉེར་གཉིས་ལོའི་ལོ་སྟོད་དུ་ཧྥ་རན་སིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་གཏན་འཁེལ་བྱས་ཡོད་ཟེར། 

ཧྥུན་ཏི་ལའེ་ཨིན་གྱིས་བཤད་རྒྱུར། འདས་པའི་ལོ་འགའི་ནང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་རང་ཉིད་ཀྱི་འགོག་སྲུང་སྐྱེ་ཁམས་མ་ལག་འཕེལ་རྒྱས་སུ་བཏང་ཡོད་ཀྱང་། ངེས་པ་དོན་གྱིས་མཁོ་བ་ནི་ཡོ་རོབ་གླིང་འགོག་སྲུང་མནའ་འབྲེལ་ཡིན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་རུང་རང་ཉིད་ཀྱི་འཐབ་འཛིང་ཚོགས་པ་འཛུགས་དགོས་ཟེར། 

ཁོ་མོས་བསྟན་དོན། ཨ་ཧྥུའུ་ཧན་ནས་བྱུང་བའི་འགྱུར་ལྡོག་ལ་དམིགས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ངེས་པར་དུ་ཨ་མེ་རི་ཁས་མགོ་ཁྲིད་པའི་ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་ཅིའི་ཕྱིར་གློ་བུར་དུ་མཇུག་སྒྲིལ་བར་བསམ་བློ་ཡག་པོ་གཏོང་དགོས། བྱང་ཆིངས་རྩ་འཛུགས་ནང་ཁུལ་དུ། ཁོངས་གཏོགས་རྒྱལ་ཁབ་དག་གིས་ངེས་པར་དུ་ཀུན་གྱི་བློ་མི་བདེ་བའི་གནད་དོན་རེ་འགའ་ཐག་གཅོད་བྱེད་དགོས། བདེ་འཇགས་དང་འགོག་སྲུང་གནད་དོན་དེ་ངེས་པར་དུ་མཉམ་ལས་ལ་ཤུགས་སྣོན་བྱས་ན་ད་གཟོད་ཐག་གཅོད་ཐོབ་སྲིད། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱིས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་པ་དང་། ཕྱོགས་སོ་སོའི་ཁྱད་སྟོབས་བེད་སྤྱོད་བྱེད་དགོས་ཟེར། 

ཧྥུན་ཏི་ལའེ་ཨིན་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་བྱང་ཆིངས་རྩ་འཛུགས་བར་མཉམ་ལས་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་བསྒྲགས་གཏམ་གསར་བ་གཏན་འབེབས་བྱེད་བཞིན་ཡོད་ལ། བསྒྲགས་གཏམ་དེ་ད་ལོའི་ལོ་མཇུག་གི་སྔོན་ལ་ཁྱབ་སྒྲོག་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།