ཀྲུང་གོ་བོད་ཀྱི་དྲ་བ།

ཧྥུན་ཏི་ལའེ་ཨིན་གྱིས་མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱག་པར་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། ཧྥ་རན་སིའི་སི་ཐི་ལཱ་སི་པའོ་ནས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཡོ་རོབ་གླིང་གྲོས་ཁང་ནས་མནའ་འབྲེལ་གྱི་གནས་ཚུལ་སྙན་ཞུ་བྱས། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་དང་། བརྒྱ་ཆའི་བདུན་ཅུ་ལྷག་བརྒལ་བའི་མི་དར་མར་འགོག་སྨན་བརྒྱབ་ཡོད། ཡིན་ཡང་མིག་སྔར་རྒྱལ་ཁབ་དང་ས་ཁུལ་བར་གྱི་འགོག་སྨན་རྒྱག་པའི་བྱ་བར་བར་ཁྱད་ཅུང་ཆེན་པོ་ཡོད་པས། མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་འགོག་སྨན་རྒྱག་པའི་བྱ་བ་སྤེལ་དགོས་ཟེར། 

ཧྥུན་ཏི་ལའེ་ཨིན་གྱིས་ཉིན་དེར་ཧྥ་རན་སིའི་སི་ཐི་ལཱ་སི་པའོ་རུ་ཡོད་པའི་ཡོ་རོབ་གླིང་གྲོས་ཁང་ནས་ལས་འགན་ཁུར་རྗེས་ཀྱི་མནའ་འབྲེལ་གྱི་གནས་ཚུལ་སྙན་ཞུ་ཐེངས་གཉིས་པ་སྤེལ། ཁོ་མོས་བཤད་རྒྱུར། རིམས་ནད་འགོག་བཅོས་བྱེད་ཆེད། འགོག་སྨན་རྒྱག་པའི་བྱ་བ་དེ་ངེས་པར་དུ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་མུ་མཐུད་དུ་སྤེལ་དགོས། ཁྱད་པར་དུ་ཡོང་འབབ་དམའ་བའི་རྒྱལ་ཁབ་དང་ས་ཁུལ་གཙོར་འཛིན་དགོས། ཡོང་འབབ་དམའ་བའི་རྒྱལ་ཁབ་དང་ས་ཁུལ་དེ་དག་གི་འགོག་སྨན་གྱི་ཁ་གྲངས་འཛམ་གླིང་ཡོངས་ཀྱི་སྤྱི་གྲངས་ཀྱི་བརྒྱ་ཆའི་གཅིག་ཀྱང་ཟིན་མེད་སྟབས། འགོག་སྨན་རྒྱག་པར་འདྲ་མཉམ་མིན་པའི་ཚད་དང་བྲེལ་མྱུར་རང་བཞིན་མངོན་གསལ་རེད་ཟེར། 

པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་འགྲོ་བའི་སྐབས་སུ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ལས་ཤོར་ཉེན་ཁ་ཇེ་ཆུང་དུ་གཏོང་བའི་རོགས་སྐྱོར་འཆར་གཞིར་བརྟེན་ནས་རང་གི་གླས་མི་དང་ཀུང་ཟིའི་ནོར་སྲིད་ལ་རྒྱབ་སྐྱོར་བྱས། ཧྥུན་ཏི་ལའེ་ཨིན་གྱིས་བསྟན་དོན། ལས་ཤོར་ཉེན་ཁ་ཇེ་ཆུང་དུ་གཏོང་བའི་རོགས་སྐྱོར་འཆར་གཞིའི་ཕན་ཐོགས་ལས། ད་ལོར་ཁོངས་གཏོགས་རྒྱལ་ཁབ་བཅུ་དགུའི་དཔལ་འབྱོར་རིམས་ནད་མ་བྱུང་སྔོན་གྱི་ཆུ་ཚད་དུ་བསླེབ་པའི་རེ་བ་ཡོད་པ་དང་། དེའི་འཕྲོའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་དཔལ་འབྱོར་སང་ལོར་སླར་གསོ་བྱེད་པའི་རེ་བ་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།