ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཁྲའོ་ཞན་ཕྱེད་གླིང་གི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་འབྲེལ་ཡོད་ཕྱོགས་ཀྱིས་རང་ཚོད་བཟུང་སྟེ་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་གསལ་སྒྲོག་ནང་བསྟན་དོན། ཨུ་རུ་སི་ཡིས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་འཕེལ་རྒྱས་ལ་དོ་སྣང་བྱེད་བཞིན་ཡོད་ཅིང་། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ས་ཁུལ་དེའི་གནད་དོན་ཐག་གཅོད་བྱེད་པ་ནི་ནུས་ལྡན་གྱི་ཐབས་ལམ་ཉག་ཅིག་རེད། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེའི་ཐད་ནས་འབྲེལ་ཡོད་ཕྱོགས་སོ་སོས་རང་ཚོད་འཛིན་པ་དང་། དེའི་སྔོན་གྱི་འབྲེལ་ཡོད་གྲོས་མཐུན་དང་དམ་བཅའ་གཞིར་བཟུང་སྟེ། གྲོས་མོལ་སླར་གསོ་བྱེད་པའི་རེ་འདུན་སྟོན་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཨུ་རུ་སི་དང་ཀྲུང་གོས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱེད་པར་བཏོན་པའི་ལམ་ཐིག་འཆར་གཞི་དང་འབྲེལ་ཡོད་འགུལ་སྐྱོད་འཆར་གཞི་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་རྒྱལ་སྲུང་ཚན་རིག་གླིང་གིས་ཚེས་བཅུ་གཅིག་ཉིན་དང་ཚེས་བཅུ་གཉིས་ཉིན་སོ་སོར་གསར་དུ་ཞིབ་འཇུག་གསར་སྤེལ་བྱས་པའི་རྒྱང་འཕེན་སྐོར་ཞིབ་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་ཏེ་ལེགས་འགྲུབ་བྱུང་ཟེར། གཞན་ཡང་ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཉིན་དེའི་ཕྱི་དྲོར་དབུས་ཕྱོགས་ཀྱི་ནང་ལོགས་ས་ཁུལ་ནས་ཁྲའོ་ཞན་ཕྱེད་གླིང་གི་ཤར་ཕྱོགས་མཚོ་ཁོངས་སུ་འཕུར་མདའ་གཉིས་འཕངས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།