སྐབས་བཅུ་གཉིས་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་སྲིད་ཏང་གི་གྲོས་མོལ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གཉིས་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་སྲིད་ཏང་གི་གྲོས་མོལ་ཚེས་བཅུ་གསུམ་ཉིན་བརྙན་རིས་ཀྱི་རྣམ་པས་སྤེལ་བ་དང་། ཐེངས་འདིའི་གྲོས་མོལ་ནི་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཨ་མེ་རི་ཁའི་དམངས་གཙོ་ཏང་དང་སྤྱི་མཐུན་ཏང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད། 

ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་སུང་ཐའོ་གྲོས་མོལ་ལ་ཞུགས་ཏེ་བསྟན་དོན། ཉེ་སྔོན་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཡང་བསྐྱར་ཁ་པར་གྲོས་མོལ་མཛད་དེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱེད་པ་དང་། གྲོས་མོལ་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་གཏན་འཇགས་འཕེལ་རྒྱས་ཀྱི་ཡང་དག་པའི་ལམ་དུ་ཞུགས་པར་ཆ་རྐྱེན་བསྐྲུན་དགོས་ཟེར། 

སུང་ཐའོ་ཡིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་སྲིད་ཏང་གི་གྲོས་མོལ་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་འདྲིས་རྒྱུས་ལོན་དང་ཕན་ཚུན་ཡིད་ཆེས་བྱེད་པར་ཕན་ཐོགས་ཡོད། ང་ཚོས་ཨ་མེ་རི་ཁའི་ཏང་ཁག་གཉིས་དང་མཉམ་དུ་སྲིད་ཏང་གི་རྒྱལ་ཁབ་ཀྱི་འབྲེལ་བའི་ཁྲོད་ཀྱི་ཆབ་སྲིད་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་དང་སེམས་ཁུར་བྱེད་པའི་གནད་དོན་གཙོ་བོར་བརྩི་འཇིག་དང་འགལ་བར་དོ་དམ་ཚོད་འཛིན་གང་ལེགས་བྱེད་པར་སྐུལ་འདེད་བཏང་བའི་རྨང་གཞིའི་སྟེང་། མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་མཐུན་རྒྱུ་མང་བོ་ཁ་སྣོན་བྱེད་འདོད་ཡོད་ཟེར། 

ཨ་མེ་རི་ཁའི་དམངས་གཙོ་ཏང་གི་འཐུས་མི་དང་དམངས་གཙོ་ཏང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི། ཧྥོ་མིན་ཐི་མངའ་སྡེའི་སྔོན་ཆད་ཀྱི་མགོ་བ་ཏིས་ཨན་དང་། སྤྱི་མཐུན་ཏང་གི་འཐུས་མི། སྔོན་ཆད་ཀྱི་ཉོ་ཚོང་འཐུས་མི། སྡོད་ཁང་དང་གྲོང་ཁྱེར་འཕེལ་རྒྱས་པུའུ་ཡི་སྔོན་ཆད་ཀྱི་པུའུ་ཀྲང་ཞེ་ཨར་སི་སོགས་ཀྱིས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ནི་དེང་སྐབས་འཛམ་གླིང་ཡོངས་ཀྱི་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཡིན་པ་དང་། ཨ་མེ་རི་ཁ་དང་ཀྲུང་གོའི་སྲིད་ཏང་བར་གྱི་གྲོས་མོལ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། དུས་སྐབས་ངེས་ཅན་ཞིག་གི་ཚུན་ལ། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བར་དཀའ་ཁག་མི་ཉུང་བ་བྱུང་ཡོད་ཀྱང་། རྒྱལ་ཁབ་གཉིས་བར་ཐུན་མོང་གི་ཁེ་ཕན་མང་བོ་ཡོད་པ་དང་། མཐོ་རིམ་གྲོས་མོལ་མང་དུ་སྤེལ་ཏེ་ཡིད་ཆེས་ཇེ་དྲག་ཏུ་བཏང་བ་དང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་རང་རང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཉམ་དུ་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར། 

ཀྲུང་གོའི་ཕྱོགས་ཀྱི་པུའུ་ཨུ་དང་མཐོ་རིམ་སློབ་གྲྭ་སོགས་ལས་ཁུངས་དང་། ཨ་མེ་རི་ཁའི་དམངས་གཙོ་དང་སྤྱི་མཐུན་ཏང་ཁག་གཉིས་དང་། རིག་མཛོད་གལ་ཆེན། ཁེ་ལས་བཅས་ནས་ཡོང་བའི་ཀྲུང་ཕྱིའི་འཐུས་མི་ལྔ་བཅུ་ཙམ་གྲོས་མོལ་ལ་ཞུགས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།