ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲིར་གྱི་ཙུང་ཐུང་གིས་ཀྲུང་གོའི་ཁེ་ལས་ཀྱིས་འཛུགས་སྐྲུན་གྱི་འགན་ཁུར་བའི་ཁན་ཏཱ་ཅི་ཆུ་གློག་ས་ཚིགས་ཀྱི་ལས་གཞིར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲིར་གྱི་ཙུང་ཐུང་པཱ་ཙུའུ་མུའུ་ཡིས་ཚེས་བཅུ་ཉིན་ཀྲུང་གོའི་ནིང་ཅན་ཀི་ཀྲོའུ་པཱ་སྡེ་ཚོགས་ཀྱིས་འཛུགས་སྐྲུན་གྱི་འགན་ཁུར་བའི་ནེ་ཀྲིར་གྱི་ཁན་ཏཱ་ཅི་ཆུ་གློག་ས་ཚིགས་ཀྱི་ལས་གཞིར་རྟོག་ཞིབ་བྱས་པ་དང་། ལས་གཞི་ལག་བསྟར་བྱས་པའི་གནས་ཚུལ་ལ་ཡིད་ཚིམས་པའི་ཚུལ་བསྟན། 

པཱ་ཙུའུ་མུའུ་ཡིས་ལས་གཞིའི་སྤྱིའི་འཆར་འགོད་དང་རིམས་འགོག་གནས་ཚུལ། འཛུགས་སྐྲུན་འཕེལ་རིམ་སོགས་ཐད་ཀྱི་སྙན་ཞུར་ཉན། ཁོས་བཤད་རྒྱུར། ཀྲུང་གོའི་ཕྱོགས་དང་ནེ་ཀྲིར་གྱི་ལས་བཟོ་བས་རིམས་ནད་སྐབས་སུ་དཀའ་ཁག་ཁྱད་དུ་བསལ་ནས་ལས་གཞིའི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལ་འགན་སྲུང་བྱས་ཏེ། མངོན་པར་བྱས་པའི་ཆོད་སེམས་དང་ལས་བཀུར་སྙིང་སྟོབས་ལ་ཀུན་གྱིས་བསྔགས་པར་འོས། ཀྲུང་གོའི་ནིང་ཅན་ཀི་ཀྲོའུ་པཱ་སྡེ་ཚོགས་དང་བཅས་པའི་འཛུགས་སྐྲུན་གྱི་འགན་ཁུར་བའི་ཕྱོགས་ཁག་སོ་སོས་མཉམ་ལས་གང་ལེགས་བྱས་ནས། སྔ་མོ་ནས་ལས་གཞི་ཡོངས་འགྲུབ་བྱས་ནས། ནེ་ཀྲིར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྒུལ་ཤུགས་འདོན་སྤྲོད་བྱེད་དགོས་ཟེར། 

ཁན་ཏཱ་ཅི་ཆུ་གློག་ས་ཚུགས་ནི་ནེ་ཀྲིར་གྱིས་འཛུགས་སྐྲུན་བྱས་པའི་ཆུ་གློག་ས་ཚིགས་ཐོག་མ་ཡིན་པ་དང་། ནེ་ཀྲིར་གྱི་ལོ་བརྒྱའི་འཆར་གཞིའི་རྣམ་གྲངས་ནང་བཞག་ཡོད་ལ། བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་གལ་ཆེན་ཞིག་ཀྱང་ཡིན། ལས་གཞི་ཡོངས་འགྲུབ་བྱས་རྗེས་ཆ་སྙོམས་ཀྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར་དྲུག་དང་བྱེ་བ་གཅིག་ས་ཡ་བདུན་ལ་བསླེབ་ཐུབ་པ་དང་། ནེ་ཀྲིར་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་གློག་ཤུགས་འགན་སྲུང་འདོན་སྤྲོད་ཐུབ་པར་མ་ཟད། ས་དེའི་ཞིང་ལས་ཆུ་གཏོང་དང་སྤྱི་བའི་འཐུང་ཆུ། སྐྱེ་ཁམས་ཁོར་ཡུག་གི་འཕེལ་རྒྱས་ལེགས་བཅོས་བཅས་ལའང་སྐུལ་འདེད་ཆེན་པོ་གཏོང་ཐུབ་ངེས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།