ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ཨེ་ཨར་པུས་ལེ་གནམ་གྲུ་ཐང་དུ་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ཨེ་ཨར་པུས་ལེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་མི་བསྡད་མེད་པའི་གནམ་གྲུ་གཉིས་ཀྱི་འཇབ་རྒོལ་ཐེབས་ཀྱང་། མི་སྣར་ཤི་རྨས་བཟོས་མེད་ཟེར། 

ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཚེས་བཅུ་གཅིག་ཉིན་གྱི་ནམ་གུང་། ཨེ་ཨར་པུས་ལེ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་ས་ཁོངས་སུ་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་ཀྱང་། འཇབ་རྒོལ་དེ་ལས་མི་སྣར་ཤི་རྨས་དང་གྱོང་གུད་གཞན་པ་བྱུང་མེད། གནམ་གྲུའི་ཐང་དུ་འཕུར་འབབ་བྱེད་པའི་གནམ་གྲུ་དག་དུས་ཚོད་གཉིས་ཙམ་ལ་མཚམས་མི་འཇོག་ཐབས་མེད་བྱུང་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

ཨེ་ཨར་པུས་ལེ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་ཀྱི་དམག་དོན་རྟེན་གཞིར་ཨ་མེ་རི་ཁའི་དམག་དཔུང་དང་ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་བཅའ་སྡོད་བྱས་ཡོད། ད་ལོའི་ཚུན་ལ་གནམ་གྲུ་ཐང་དེར་དམིགས་པའི་རིགས་མཐུན་གྱི་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་མྱོང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།