ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་གནས་སྐབས་སྲིད་གཞུང་གི་མགོ་ཁྲིད་པས་ཁཱ་ཐར་གྱི་ཕྱི་འབྲེལ་བློན་ཆེན་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་གནས་སྐབས་སྲིད་གཞུང་གི་ཙུང་ལི་ཚབ་མ་ཧཱ་སིང་ཨ་ཧོང་ཏི་ཡིས་ཚེས་བཅུ་གཉིས་ཉིན་རྒྱལ་ས་ཁཱ་པོར་ནས་འཚམས་འདྲིར་ཡོང་བའི་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཨ་ལེ་སཱ་ནེ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར། ཨ་ཧྥུའུ་ཧན་གྱི་མ་འོངས་པའི་དཔལ་འབྱོར་འཕེལ་རྒྱས་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཨ་ཧྥུའུ་ཧན་གྱི་པཱ་ཧི་ཐཱ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧཱ་སིང་ཨ་ཧོང་ཏི་ཡིས་གྲོས་མོལ་བྱེད་སྐབས་ཁཱ་ཐར་གྱིས་ཨ་ཧྥུའུ་ཧན་ལ་རོགས་སྐྱོར་བྱས་པ་དང་། ཁཱ་ཐར་གྱིས་ཨ་ཧྥུའུ་ཧན་མི་དམངས་ཀྱིས་ཞི་བདེ་དང་གཏན་འཇགས་འཚོལ་བསྙེག་བྱེད་པའི་འཕེལ་རིམ་ཁྲོད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཨ་ལེ་སཱ་ནེ་ཡིས་བསྟན་དོན། ཨ་ཧྥུའུ་ཧན་དང་ཁཱ་ཐར་གྱིས་མ་འོངས་པར་མཛའ་མཐུན་འབྲེལ་བ་སྲུང་འཛིན་བྱེད་དགོས་པའི་རེ་བ་བཏོན། 

བསྒྲགས་པ་ལྟར་ན། ཨ་ལེ་སཱ་ནེ་ཡིས་ཐེངས་འདིའི་འཚམས་འདྲིའི་སྐབས་སུ་ད་རུང་ཨ་ཧྥུའུ་ཧན་མི་རིགས་འགྲིག་མཐུན་མཐོ་རིམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་པུའུ་ཏུའུ་ལཱ་དང་ཨ་ཧྥུའུ་ཧན་གྱི་སྔོན་ཆད་ཀྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱེ་ལ་ཐུག་འཕྲད་བྱས་ཏེ། ཨ་ཧྥུའུ་ཧན་གྱི་གནས་བབ་གསར་བའི་འཕེལ་རྒྱས་དང་བཟོད་སྒོམ་རང་བཞིན་གྱི་སྲིད་གཞུང་འཛུགས་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

གཞན་ཡང་ཨ་ཧྥུའུ་ཧན་གྱི་ཧཱ་མཱ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། དེ་ནི་ཧཱ་སིང་ཨ་ཧོང་ཏི་ཡིས་ཐཱ་ལེ་པན་གྱི་གནས་སྐབས་སྲིད་གཞུང་གི་ཙུང་ལི་ཚབ་མའི་འགན་ཁུར་རྗེས་ཐོག་དང་པོར་ཀུན་གྱི་མཐོང་ལམ་དུ་མངོན་པ་རེད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།