དབྱི་ལིང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གྱི་གྲོས་མོལ་ལ་འཛུགས་སྐྲུན་རང་བཞིན་ལྡན་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་དབྱེ་སི་ལཱ་མུས་ཀྱིས་ཚེས་བཅུ་གཉིས་ཉིན་རྒྱལ་ས་ཏི་ཧེ་ལན་ནས་འཚམས་འདྲིར་ཡོང་བའི་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་དང་གྲོས་མོལ་བྱས་རྗེས་བསྟན་དོན། ཕྱོགས་གཉིས་ཀྱི་གྲོས་མོལ་ལ་འཛུགས་སྐྲུན་རང་བཞིན་ལྡན་ཟེར། 

དབྱེ་སི་ལཱ་མུས་ཀྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཀི་ལོ་ཞི་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་གདན་ཞུས་ལྟར་ཏི་ཧེ་ལན་དུ་འབྱོར་བ་ཡིན་ལ། ཕྱོགས་གཉིས་ཀྱིས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་གང་ལེགས་བྱས། གྲོས་མོལ་གྱི་དམིགས་ཡུལ་ནི་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྒྲིག་སྲོལ་སྒྲོམ་གཞིའི་ནང་མཉམ་འབྲེལ་དང་མཉམ་ལས་རྒྱ་བསྐྱེད་པར་གོ་སྐབས་བསྐྲུན་པའི་ཆེད་དུ་ཡིན། དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གྱི་གནད་དོན་ཚང་མ་ལག་རྩལ་རང་བཞིན་ཅན་ཡིན་ལ། ཆབ་སྲིད་གནད་དོན་ལ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་རྐང་ཚུགས་ས་མེད་ཟེར། 

དབྱེ་སི་ལཱ་མུས་ཀྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཆེད་མཁས་པ་དབྱི་ལིང་དུ་ཡོང་ནས་ལས་ཁུངས་དེས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཁྲོད་སྒྲིག་སྦྱོར་བྱས་པའི་ལྟ་ཞིབ་སྒྲིག་ཆས་ཀྱི་གསོག་ཉར་བྱང་བུ་བརྗེ་སྤོར་དང་། སྒྲིག་ཆས་དེ་དག་ལ་དགོས་ངེས་ཀྱི་ལག་རྩལ་སྲུང་སྐྱོབ་བྱེད་རྒྱུ་ཐག་བཅད་ཡོད། གསོག་ཉར་བྱང་བུ་དེ་རྒྱུན་སྲོལ་ལྟར་ན་དབྱི་ལིང་གིས་ཉར་འཇོག་བྱེད་བཞིན་ཡོད་ཟེར། 

ཀི་ལོ་ཞི་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་ལག་རྩལ་རིམ་པའི་གནད་དོན་ལ་གྲོས་བསྡུར་བྱས། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་དབྱི་ལིང་གིས་ངེས་པར་དུ་མཉམ་དུ་འབད་བརྩོན་བྱས་ནས་མཉམ་ལས་རྒྱ་བསྐྱེད་དགོས་ཟེར། 

གྲོས་མོལ་བྱས་རྗེས་སྤེལ་བའི་ཐུན་མོང་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་མཉམ་ལས་དང་ཕན་ཚུན་ཡིད་ཆེས་ཀྱི་གལ་ཆེན་རང་བཞིན་དང་། འཛུགས་སྐྲུན་རང་བཞིན་དང་ལག་རྩལ་ཁོ་ནའི་ཁྱབ་ཁོངས་སུ་གནད་དོན་ཐག་གཅོད་བྱེད་པའི་དགོས་གལ་རང་བཞིན་ནན་བཤད་བྱས་ཡོད། 

ཀི་ལོ་ཞི་ཚེས་བཅུ་གཅིག་ཉིན་གྱི་ནམ་གུང་ཏི་ཧེ་ལན་དུ་འབྱོར་བ་ཡིན་ལ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལས་འཛིན་ལྷན་ཚོགས་ཀྱིས་གཟའ་འཁོར་རྗེས་མར་གྲོས་ཚོགས་མ་བསྡུས་གོང་དབྱི་ལིང་བར་འབྲེལ་འདྲིས་བྱེད་རྒྱུ་རེད། དབྱི་སི་ལཱ་མུས་ཀྱིས་བསྟན་དོན། དབྱི་ལིང་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།