ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་ཁབ་སོ་སོས་མཉམ་དུ་འཛམ་གླིང་ཡོངས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་འཛམ་གླིང་ཡོངས་ཀྱི་ཕྱོགས་སོ་སོའི་མཉམ་ལས་དང་འབྲེལ་བའི་ང་ཚོའི་ཐུན་མོང་གྲོས་རིམ་ཞེས་པའི་སྙན་ཞུ་སྤྲད་དེ། རྒྱལ་ཁབ་སོ་སོས་མཉམ་དུ་འཛམ་གླིང་ཡོངས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ན་ནིང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བའི་སྐབས་ཀྱི་རྗེས་དྲན་བྱ་འགུལ་སྣ་ཚོགས་ལ་དེའི་མདུན་ལམ་དང་དུས་རབས་ཀྱི་རེ་བ་གཞིར་བཟུང་སྟེ་ཁ་ཕྱོགས་གསར་བ་གཏན་འཁེལ་བྱེད་པར་གྲོས་བསྡུར་ཞིབ་ཏུ་བྱས། ཀུའུ་ཐི་ལོས་སི་ཡིས་དེའི་དོན་དུ་ང་ཚོའི་ཐུན་མོང་གྲོས་རིམ་ཞེས་པའི་སྙན་ཞུ་བྲིས་པ་རེད། ཀུའུ་ཐི་ལོས་སི་ཡིས་སྙན་ཞུའི་ནང་དེང་སྐབས་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷགས་པའི་དཀའ་ཁག་དང་འགྲན་རྩོད་སྣ་ཚོགས་རྒྱས་བཤད་བྱས་ཡོད་པ་དང་། ཉེན་ཁའི་གནས་བབ་བསྒྱུར་བའི་གྲོས་གཞི་དང་ཐབས་ལམ་རབ་དང་རིམ་པ་བཏོན་ཡོད། 

སྙན་ཞུ་ལས་བལྟས་ན། མིའི་རིགས་ཀྱི་སྔར་ལས་བདེ་འཇགས་དང་ལྷད་མེད་ཀྱི་མ་འོངས་གསར་བསྐྲུན་བྱེད་ཆེད། ད་ལྟ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་འདྲ་མཉམ་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་ལེགས་སྒྲིག་བྱས་ཏེ་རྒྱུན་མཐུད་རང་བཞིན་དང་ཉམས་ཉེན་སྔོན་འགོག བཟོད་སྒོམ་རང་བཞིན་བཅས་མངོན་གསལ་ལྡན་པར་བྱེད་དགོས། དེས་ཕྱོགས་མང་རིང་ལུགས་ཀྱི་དུས་རབས་གསར་བར་བསླེབས་པའི་སྔོན་བརྡ་གཏོང་ངེས་རེད། དུས་རབས་འདིར་རྒྱལ་ཁབ་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས་འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་། རྒྱལ་སྤྱིའི་མ་ལག་མྱུར་མོར་འཁོར་སྐྱོད་བྱས་ན། བྲེལ་མྱུར་གནས་ཚུལ་འོག་མི་རེ་རེར་སྲུང་སྐྱོབ་བྱེད་ཐུབ། མཉམ་འབྲེལ་རྒྱལ་ཚོགས་ནི་ཡིད་རྟོན་ཆོག་པར་ཀུན་གྱིས་ཁས་ལེན་པའི་མཉམ་ལས་སྟེགས་བུ་ཞིག་རེད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་སྙན་ཞུ་སྤྲད་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། ཀུའུ་ཐི་ལོས་སི་ཡིས་ང་ཚོར་ཕན་ནུས་ལྡན་པའི་ཕྱོགས་མང་རིང་ལུགས་མཁོ་བ་དང་། ང་ཚོས་མྱུར་མོར་འགུལ་སྐྱོད་སྤེལ་དགོས་ལ། རྒྱ་མཚོ་ནས་ཕྱི་ཤུན་བར་སྟོང་བར་གྱི་རྩ་ཆེ་བའི་འཛམ་གླིང་ཡོངས་ཀྱི་རྒྱུ་ནོར་ལ་སྲུང་སྐྱོབ་བྱས་ཏེ། ང་ཚོའི་ཐུན་མོང་གི་རེ་འདུན་ཏེ་ཞི་བདེ་དང་སའི་གོ་ལ་ཧྲིལ་བོའི་བདེ་ཐང་། འཚོ་སྡོད་ལ་རན་པའི་གོ་ལ་ཞིག་ཡོད་པ་མངོན་འགྱུར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།