ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་མི་གྱ་བདུན་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་གི་དཔོན་པོ་ཞིག་གིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཡེ་མིན་དབུས་ཕྱོགས་ཀྱི་མཱ་ལི་པུའུ་ཞིང་ཆེན་ནས་འཁྲུག་རྩོད་དྲག་པོ་བྱས་ཤིང་། འདས་པའི་དུས་ཚོད་ཞེ་བརྒྱད་ནང་ཉུང་མཐར་ཡང་མི་གྱ་བདུན་འཁྲུག་རྩོད་ཁྲོད་ཚེ་ལས་འདས་ཡོད་ཟེར། 

མིང་བཤད་མི་འདོད་པའི་དཔོན་པོ་དེས་བཤད་རྒྱུར། ཐེངས་འདིའི་འཁྲུག་རྩོད་ནི་ཚེས་དྲུག་ནས་མགོ་བརྩམས་པ་དང་། འདས་པའི་དུས་ཚོད་ཞེ་བརྒྱད་ནང་ཧུའུ་སེ་དྲག་ཆས་པས་མཱ་ལི་པུའུ་ཞིང་ཆེན་གྱི་ནུབ་ཕྱོགས་ས་ཁུལ་དུ་དཔུང་འཇུག་ཐེངས་མང་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་བར་སྣང་རོགས་འདེགས་འོག ཧུའུ་སེ་དྲག་ཆས་པར་རྒོལ་ལན་སྤྲད་པ་རེད། འཁྲུག་རྩོད་བྱེད་སྐབས་སྲིད་གཞུང་དམག་དཔུང་གིས་ཉུང་མཐར་ཡང་ཧུའུ་སེ་དྲག་ཆས་མི་སྣ་རེ་བདུན་བསད་པ་དང་། སྲིད་གཞུང་དམག་དཔུང་གི་དམག་མི་ཉི་ཤུ་རྐྱེན་ལམ་དུ་ཤོར། འཁྲུག་རྩོད་ལས་ད་རུང་ཕྱོགས་གཉིས་ཀྱི་མི་བརྒྱ་ཕྲག་ལྷག་ལ་རྨས་ཕོག་ཡོད། མིག་སྔར་འཐབ་འཁྲུག་དེ་མུ་མཐུད་དུ་སྤེལ་བཞིན་ཡོད། 

གཞན་ཡང་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་གྱི་སྨན་བཅོས་མི་སྣ་ཞིག་གིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཚེས་བདུན་ཉིན་མཱ་ལི་པུའུ་ཞིང་ཆེན་གྱི་གཡུལ་ས་ནས་ཉུང་མཐར་ཡང་དྲག་ཆས་མི་སྣའི་བེམ་པོ་སུམ་ཅུ་སྐྱེལ་ཡོང་ཡོད་ཟེར། 

མཱ་ལི་པུའུ་ཞིང་ཆེན་ནི་ཡེ་མིན་གྱི་རྡོ་སྣུམ་ཐོན་སྐྱེད་བྱེད་ས་གཙོ་བོ་ཡིན་པ་དང་། མཉམ་འབྲེལ་དམག་དཔུང་གི་བཀོད་འདོམ་པུའུ་ཡོད་སའི་གནས་ཀྱང་རེད། ཉེ་བའི་ཟླ་ངོ་འགའི་རིང་ལ། ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཞིང་ཆེན་དེར་འཁྲུག་རྩོད་དྲག་པོ་ཐེངས་མང་བྱུང་བ་དང་། ཕྱོགས་གཉིས་ཀྱི་འཐབ་འཛིང་མི་སྣ་དང་མི་སེར་དཀྱུས་མ་འདུས་པའི་མི་སྟོང་ཕྲག་ལྷག་རྐྱེན་ལམ་དུ་ཤོར་ཡོད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།