ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཀྲང་ཆི་ནེ་ཆེ་ཧྥུའུ་ཡིས་གཞན་སྲོག་སྐྱོབ་ཆེད་རང་སྲོག་བློས་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཀྲང་ཆི་ནེ་ཆེ་ཧྥུའུ་ཉིན་དེར་བྲེལ་མྱུར་གནས་ཚུལ་གྱི་སྦྱོང་བརྡར་སྤེལ་སྐབས་མི་གཞན་པའི་སྲོག་སྐྱོབ་ཆེད་རང་སྲོག་བློས་བཏང་། 

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཆི་ནེ་ཆེ་ཧྥུའུ་ཡིས་ཁི་ལཱ་སི་ནོའུ་ཡཱ་ཨར་སི་ཁི་མཐའ་མཚམས་ས་ཁུལ་གྱི་ནོའུ་ལི་ཨར་སི་ཁི་གྲོང་ཁྱེར་དུ་གླིང་སྣེ་བྱང་མ་ས་ཁུལ་གྱི་བྲེལ་མྱུར་གནས་ཚུལ་གྱི་སྦྱོང་བརྡར་ལ་ཞུགས་པའི་སྐབས་སུ་རང་སྲོག་ལ་མ་འཛེམ་པར་གཞན་སྲོག་བསྐྱབས་ཏེ་རང་སྲོག་བློས་བཏང་། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་བྱེ་བྲག་གི་གནས་ཚུལ་ཞིབ་ཏུ་བསྒྲགས་མེད། 

བསྒྲགས་པ་ལྟར་ན། ཨུ་རུ་སིའི་གློག་བརྙན་འཁྲབ་སྟོན་པ་མེ་ལེ་ནེ་ཁི་ཡིསི་ཉིན་དེར་སྦྱོང་བརྡར་ཡུལ་ནས་སུ་བརྙན་ཕབ་བྱེད་པར་གྲ་སྒྲིག་བྱེད་སྐབས་བྲག་ལས་ལྷུང་བ་དང་། སྐབས་ཐོག་དེར་མེ་ལེ་ནེ་ཁིའི་ཉེ་འགྲམ་དུ་ཡོད་པའི་ཆི་ནེ་ཆེ་ཧྥུའུ་ཡིས་ཁོ་སྐྱོབ་ཆེད་མཉམ་དུ་བྲག་ལས་ལྷུང་སྟེ། ཁོ་གཉིས་རྨས་ལྗིད་མོ་ཕོག ཁོ་གཉིས་གྱེན་འཕུར་གནམ་གྲུ་བཀོལ་ནས་སྨན་ཁང་དུ་སྐྱེལ་སྐབས་ཚེ་ལས་འདས། 

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཙུང་ཐུང་ཕུའུ་ཅིན་གྱིས་དོན་དེ་ཤེས་ཡོད་པ་དང་། རང་སྲོག་བློས་བཏང་བའི་ཆི་ནེ་ཆེ་ཧྥུའུ་ལ་མྱ་ངན་ཞུས་པ་རེད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།