ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་གནད་དོན་རེ་འགའི་ཐད་ནས་གྲོས་མཐུན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝེ་ནེ་ཙུའེ་ལཱའི་གྲོས་ཁང་གི་ཀྲུའུ་ཞི་ལོ་ཏི་ལི་ཀི་སི་ཡིས་ཚེས་དྲུག་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིས་ཉིན་དེར་མའོ་ཞི་ཁོའི་རྒྱལ་ས་མའོ་ཞི་ཁོ་མཁར་ནས་དུས་ཡུན་ཉིན་བཞིའི་སྐོར་ཐེངས་གསར་བའི་གྲོས་མོལ་མཇུག་སྒྲིལ་བ་དང་། མངའ་ཁོངས་བདག་དབང་དང་སྤྱི་ཚོགས་འགན་སྲུང་སོགས་གནད་དོན་ཐད་ནས་གྲོས་མཐུན་བཀོད་ཟེར། 

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཉིན་དེར་ཁྱབ་སྒྲོག་བྱས་པའི་གྲོས་མཐུན་གྱི་ནང་དོན་ལྟར་ན། ཕྱོགས་གཉིས་ཀྱིས་ཝེ་ནེ་ཙུའེ་ལཱ་དང་ཀུའེ་ཡཱ་ནཱ་ཨེ་སེ་ཁོས་པའོ་ཡི་མངའ་ཁོངས་བདག་དབང་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་གྲོས་མཐུན་བཀོད་པ་དང་། ཝེ་ནེ་ཙུའེ་ལཱའི་ཤར་ཕྱོགས་མཐའ་མཚམས་དབྱེ་ཐབས་ལ་ཁས་ལེན་བྱས། ཕྱོགས་གཉིས་ཀྱིས་ད་རུང་བྱེད་ཐབས་སྤྱད་དེ། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་གནས་ཚུལ་འོག་མང་ཚོགས་ཀྱི་འཕྲོད་བསྟེན་བདེ་ཐང་དང་ཟས་རིགས་མཁོ་འདོན་དགོས་མཁོ་སྐོང་བ་གཙོར་འཛིན་པར་ཡིད་འཐད་བྱུང་། ཕྱོགས་གཉིས་ཀྱིས་ད་རུང་འཐུས་མི་མངག་ནས་མཉམ་ལས་བྱེད་པ་དང་། མཉམ་དུ་སྤྱི་ཚོགས་ཀྱི་ཐུགས་ཁུར་དང་ཕྱི་ཕྱོགས་ཀྱི་བཀག་སྡོམ་སོགས་གྲོས་གཞི་ཐག་གཅོད་བྱེད་རྒྱུ་རེད། མཱ་ཏུའུ་ལོ་ཡིས་བསྟན་དོན། ཐེངས་འདིའི་གྲོས་མོལ་དེ་ཝེ་ནེ་ཙུའེ་ལཱའི་མི་དམངས་ལ་མཚོན་ན་རྒྱལ་ཁ་ཞིག་ཡིན་ཟེར། 

ཟླ་བརྒྱད་པའི་ཟླ་དཀྱིལ་དུ། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིས་མའོ་ཞི་ཁོ་མཁར་ནས་གྲོས་མོལ་བྱས་ཏེ་བཟོད་སྒོམ་བརྗེད་ཐོ་བཀོད། གཙོ་བོ་ཆབ་སྲིད་ཁེ་དབང་དང་འདེམ་བསྐོའི་འགན་སྲུང་དང་ཉིན་རིམ། བཀག་སྡོམ་མེད་པར་གཏོང་བ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་སོགས་ལ་འབྲེལ་ཡོད། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་དེའི་རྗེས་སུ་ཁྱབ་སྒྲོག་བྱས་དོན། ཕྱོགས་གཉིས་ཀྱིས་ཟླ་དགུ་བའི་ཚེས་གསུམ་ཉིན་མའོ་ཞི་ཁོ་ནས་སྐོར་ཐེངས་གསར་བའི་གྲོས་མོལ་མགོ་རྩོམ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།