ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཁི་ལུང་གིས་མཱ་སེ་དེ་འཛམ་གླིང་རིམ་པའི་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་གཉིས་ཉིན་མ་དངུལ་ཡོ་སྒོར་ཐེར་འབུམ་འགའ་བཏང་སྟེ། ཧྥ་རན་སིའི་གྲོང་ཁྱེར་ཆེན་མོ་གཉིས་པ་མཱ་སེ་དེ་འཛམ་གླིང་རིམ་པའི་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་རྒྱུ་ཁས་ལེན་བྱས། 

མཱ་སེ་རུ་རྟོག་ཞིབ་བྱས་ནས་ཉིན་གསུམ་གྱི་རྗེས་སུ། མཱ་ཁི་ལུང་གིས་གཏམ་བཤད་ཅིག་གི་ནང་དར་རྒྱས་ཀྱི་མཱ་སེ་ཞེས་པའི་གཞི་རྒྱ་ཆེ་བའི་དངུལ་གཏོང་འཆར་གཞི་དེ་ཁྱབ་བསྒྲགས་བྱས་པ་རེད། ཨེ་ལོས་ཧྲི་ཕོ་བྲང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཧ་ལམ་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བཏང་སྟེ། མཱ་སེ་ཡི་བདེ་སྲུང་དང་འགྲིམ་འགྲུལ། སྡོད་ཁང་། རིག་གནས་སྒྲིག་ཆས་བཅས་ལེགས་བཅོས་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པ་དང་། ཧ་ལམ་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ཙམ་སློབ་གྲྭའི་སློབ་གསོའི་ཐད་བཀོལ་རྒྱུ་ཡིན་ཟེར། 

མཱ་ཁི་ལུང་གིས་མཱ་སེ་ཉེན་རྟོག་པར་ཐོན་ཁུངས་འདང་ཚིམས་པ་སྤྲད་དེ་དུག་རྫས་ལྐོག་འཚོང་དང་ཉེས་དོན་ནག་ཉེས་ཡང་མར་ཆམ་ཕབ་གཏོང་རྒྱུ་ཁས་ལེན་བྱས། མ་དངུལ་བཏང་ནས་གློག་འཁོར་ལམ་ཐིག་བཞི་གསར་དུ་ལས་ཏེ། མཱ་སེ་བྱང་ངོས་ཉེ་འདབས་དང་ལྷོ་ཕྱོགས་ཀྱི་ཉམས་གསོ་བྱས་པའི་གྲུ་ཁ་རྙིང་བ་སྦྲེལ་མཐུད་བྱེད་པ་དང་། མཱ་སེ་དེ་ཧྥ་རན་སིའི་གློག་བརྙན་སྒྲིག་སྦྱོར་རྟེན་གཞི་གཙོ་བོར་གསར་སྐྲུན་བྱེད་དགོས་ཟེར། 

མཱ་ཁི་ལུང་ཡོད་སའི་སྤྱི་མཐུན་རྒྱལ་ཁབ་ཀྱི་མདུན་སྐྱོད་ཏང་ལ་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་སྟེ་གྲོས་ཁང་ཞོལ་མར་ལས་གནས་མང་ཤོས་ཐོབ་པའི་ཁྱད་སྟོབས་བཟུང་ཡོད་པས། དངུལ་གཏོང་གི་དམ་བཅའ་དེ་མངོན་འགྱུར་བྱེད་པར་རེ་བ་ཆེན་པོ་ཡོད་པར་ངེས། 

མཱ་ཁི་ལུང་གིས་གསལ་འདེབས་བྱས་དོན། ས་གནས་དཔོན་པོས་མ་དངུལ་དེ་བརྩོན་ལེན་བྱེད་འདོད་ན། སྔོན་ལ་རུལ་སུངས་ལ་ཆམ་ཕབ་གཏོང་བ་དང་གྲོང་ཁྱེར་སྲིད་གཞུང་ལ་བཅོས་བསྒྱུར་བྱེད་དགོས་ཟེར། ཁོས་ཟླ་བཅུ་བ་དང་སང་ལོའི་ཟླ་གཉིས་པར་མཱ་སེ་རུ་ཡང་བསྐྱར་འཚམས་འདྲི་བྱས་ནས། བཅོས་བསྒྱུར་གྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་རེད། 

དངུལ་གཏོང་འཆར་གཞི་དེ་ས་གནས་དཔོན་རིགས་ལ་མཚོན་ན་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཤིག་ཡིན་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།