ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་ཐར་གྱིས་ཨ་ཧྥུའུ་ཧན་གནད་དོན་ཐད་ནས་མུ་མཐུད་དུ་བར་འདུམ་པའི་ནུས་པ་འདོན་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ཧན་མའོ་ཏི་ཡིས་ཚེས་གཉིས་ཉིན་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་པུའུ་དང་གྲོས་མོལ་བྱས་རྗེས་བཤད་རྒྱུར། ཁཱ་ཐར་གྱིས་མུ་མཐུད་དུ་བར་འདུམ་པའི་ནུས་པ་འདོན་སྤེལ་བྱས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཨ་ཧྥུའུ་ཧན་གནད་དོན་གྱི་བྱུང་ཚུལ་ཐད་ཀྱི་ཐུན་མོང་ངོས་ཟིན་ཇེ་དྲག་ཏུ་གཏོང་བ་དང་། ཞོར་དུ་མུ་མཐུད་དུ་རྒྱལ་ཁབ་གཞན་པའི་བར་མཉམ་ལས་དང་གྲོས་མོལ་བྱས་ནས། ཨ་ཧྥུའུ་ཧན་མི་དམངས་ཀྱི་ཁེ་ཕན་ལ་འགན་སྲུང་བྱེད་དགོས་ཟེར། 

གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་མུའུ་ཧན་མའོ་ཏི་ཡིས་བཤད་རྒྱུར། ཁཱ་ཐར་གྱིས་ཐཱ་ལེ་པན་བར་འབྲེལ་འདྲིས་བྱས་ཏེ། ཁཱ་པོར་གནམ་གྲུ་ཐང་ཡང་བསྐྱར་སྒོ་འབྱེད་བྱས་རྗེས་འབྱུང་སྲིད་པའི་ཉེན་ཁར་ལྟ་ཞིབ་ཚད་འཇལ་བྱེད་པར་སྟབས་བདེ་བཟོ་བཞིན་ཡོད་ཟེར། 

ལཱ་པུའུ་ཡིས་བཤད་རྒྱུར། ཁོ་དང་མུའུ་ཧན་མའོ་ཏིའི་གྲོས་མོལ་དེ་གཙོ་བོ་ཨ་ཧྥུའུ་ཧན་མ་འོངས་པར་འཇིགས་སྐུལ་རིང་ལུགས་ཀྱི་འགེབས་སྲུང་ས་ཁུལ་དུ་འགྱུར་མི་སྲིད་པ་དང་། ཨ་ཧྥུའུ་ཧན་ནས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་འབྱུང་བར་སྔོན་འགོག་བྱེད་པ། ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ། ཐཱ་ལེ་པན་གྱིས་འགྲོ་མིའི་ཐོབ་ཐང་དང་བུད་མེད་དང་བུ་མོ་ལོ་ཆུང་གི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་དམ་བཅའ་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་པ་བཅས་ཕྱོགས་བཞིར་དམིགས་ནས་སྤེལ་བ་ཡིན་ཟེར། 

ལཱ་པུའུ་ཡིས་བསྟན་དོན། དབྱིན་ཇི་ཡིས་སྔོན་དཔག་ཐུབ་པའི་མ་འོངས་པར་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་སྲིད་དབང་ཁས་ལེན་བྱེད་མི་སྲིད་ཀྱང་། གནས་བབ་གསར་བར་འཚམ་པར་བྱས་ནས་ཐཱ་ལེ་པན་བར་གྱི་འབྲེལ་འདྲིས་དང་གྲོས་མོལ་སྲུང་འཛིན་བྱེད་ངེས་ཡིན་ཟེར། 

གཞན་ཡང་ཁཱ་ཐར་གྱི་རྒྱལ་ཁབ་གཙོ་འཛིན་གཞུང་སྒྲུབ་ཁང་གིས་བསྒྲགས་པ་ལྟར་ན། ཐཱ་མུས་མུའུ་ཡིས་ཚེས་གཉིས་ཉིན་ལཱ་པུའུ་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གཙོ་བོ་ཕྱི་རྒྱལ་དམག་དཔུང་དག་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱས་རྗེས་ཀྱི་ས་དེའི་གནས་བབ་ལ་གྲོས་བསྡུར་བྱས་ཟེར། 

ཁཱ་ཐར་དང་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་བར་འབྲེལ་འདྲིས་ཟབ་པ་དང་། ཐཱ་ལེ་པན་གྱིས་ཏའོ་ཧཱ་རུ་ཆབ་སྲིད་དོན་གཅོད་ཁང་བཙུགས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།