ཀྲུང་གོ་བོད་ཀྱི་དྲ་བ།

པེད་ཏིན་གྱིས་བཀའ་རྒྱ་བཏང་སྟེ་ཁྲིམས་འཛིན་པུའུ་སོགས་ལས་ཁུངས་ཀྱིས་དགུ་བའི་བཅུ་གཅིག་གི་དོན་རྐྱེན་གྱི་བརྟག་དཔྱད་ཡིག་ཆ་ཡོངས་བསྒྲགས་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་གསུམ་ཉིན་སྲིད་འཛིན་བཀའ་རྒྱ་བཀོད་དེ། ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་སོགས་ལས་ཁུངས་ཀྱིས་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུའུ་ཡི་ཉིས་སྟོང་གཅིག་ལོའི་དགུ་བའི་བཅུ་གཅིག་གི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་དམིགས་པའི་བརྟག་དཔྱད་ཡིག་ཆ་ཡོངས་བསྒྲགས་བྱེད་དགོས་པའི་མཛུབ་སྟོན་བྱས། 

པེད་ཏིན་གྱིས་ཉིན་དེར་གསལ་སྒྲོག་ནང་བཤད་རྒྱུར། དགུ་བའི་བཅུ་གཅིག་གི་དོན་རྐྱེན་དེ་བྱུང་བའི་ལོ་ངོ་ཉི་ཤུ་འགོར་ལ་ཉེ་བའི་སྐབས་སུ། ཁོས་སྲིད་འཛིན་བཀའ་རྒྱ་བཀོད་དེ། ཁྲིམས་འཛིན་པུའུ་དང་འབྲེལ་ཡོད་ཀྱི་ལས་ཁུངས་གཞན་པས་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུའུ་ཡི་དགུ་བའི་བཅུ་གཅིག་གི་དོན་རྐྱེན་གྱི་བརྟག་དཔྱད་ཡིག་ཆར་དཔྱད་ཞིབ་བྱེད་དགོས་པའི་མཛུབ་སྟོན་བྱས་ཡོད་ལ། ཁྲིམས་འཛིན་པུའུ་ཡིས་ངེས་པར་དུ་མ་འོངས་པའི་ཟླ་ངོ་དྲུག་གི་ནང་འབྲེལ་ཡོད་ཀྱི་ཡིག་ཆ་མང་ཚོགས་ལ་ཁྱབ་སྒྲོག་བྱེད་དགོས་ཟེར། 

པེད་ཏིན་གྱིས་བསྟན་དོན། སྲིད་འཛིན་བཀའ་རྒྱ་དེ་བཀོད་ནས་ཁོས་ཙུང་ཐུང་ལ་འགྲན་རྩོད་བྱེད་སྐབས་ཀྱི་དམ་བཅའ་སྟེ། དགུ་བའི་བཅུ་གཅིག་གི་དོན་རྐྱེན་གྱི་བརྟག་དཔྱད་མཇུག་འབྲས་མངོན་གསལ་ཡོང་བར་ཁག་ཐེག་བྱེད་པ་དེ་ལག་ལེན་དུ་བསྟར་བ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།