ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བདུན་པའི་འཛམ་གླིང་རང་བྱུང་སྲུང་སྐྱོབ་ཚོགས་ཆེན་ཧྥ་རན་སིའི་མཱ་སེ་ནས་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བདུན་པའི་འཛམ་གླིང་རང་བྱུང་སྲུང་སྐྱོབ་ཚོགས་ཆེན་ཚེས་གསུམ་ཉིན་ཧྥ་རན་སིའི་མཱ་སེ་ནས་ཚོགས་མགོ་བརྩམས། སྐབས་འདིའི་ཚོགས་ཆེན་ལ་ཧྥ་རན་སིའི་སྲིད་གཞུང་དང་འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ཞིང་། བརྗོད་སྙིང་ནི་གཅིག་མཐུན་གྱི་རང་བྱུང་དང་གཅིག་མཐུན་གྱི་མ་འོངས་པ་ཞེས་པ་དེ་རེད། 

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོ་ནི་འཛམ་གླིང་ཡོངས་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལོ་གལ་ཆེན་ཞིག་ཡིན་པ་དང་། ཁ་ཚ་དགོས་གཏུག་གི་གནད་དོན་ནི་འཛམ་གླིང་ཧྲིལ་བོ་ཇེ་དྲོར་འགྲོ་བར་སྔོན་འགོག་དང་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་གཉིས་དུས་མཉམ་དུ་སྤེལ་རྒྱུ་དེ་ཡིན། ང་ཚོ་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་རྗེས་སུ་ལུས་ཡོད་པས། ངེས་པར་དུ་བརྩོན་པ་བྱེད་དགོས་ཟེར། 

འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱི་ཙུང་ཚེ་ཀྲང་ཞིན་ཧྲིན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོའི་རྗེས་སུ་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྒྲོམ་གཞིར་ཡོངས་ཁྱབ་རང་བཞིན་དང་གསར་གཏོད་རང་བཞིན། བཅོས་བསྒྱུར་རང་བཞིན་བཅས་ལྡན་པར་བྱས་ཏེ། རིམས་ནད་དྲག་རྗེས་ཀྱི་དཔལ་འབྱོར་སླར་གསོའི་ཐད་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་རང་བྱུང་ལ་བརྩི་འཇོག་བྱེད་ཆེད། འདྲ་མཉམ་དང་བཟོད་སྒོམ་མཉམ་ལྡན་ཡིན་དགོས་ཟེར། 

འཛམ་གླིང་རང་བྱུང་སྲུང་སྐྱོབ་ཚོགས་ཆེན་དེ་ལོ་བཞིའི་ནང་ཐེངས་རེ་སྤེལ་བཞིན་ཡོད་ཅིང་། སྐབས་འདིའི་ཚོགས་ཆེན་གྱི་ཚོགས་ཡུན་ནི་ཉིན་དགུ་ཡིན་པ་དང་། དྲ་ལམ་དང་ཡུལ་དངོས་ཟུང་དུ་འབྲེལ་བའི་རྣམ་པ་སྤྱད་ཡོད། རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་དྲུག་ཅུ་ལྷག་གི་སྲིད་གཞུང་ལས་ཁུངས་དང་དམངས་ཁྲོད་སྤྱི་ཚོགས། ཚན་རིག་ལས་རིགས། ཁེ་ལས་ལས་རིགས་བཅས་ཀྱི་འཐུས་མི་དག་སྐུལ་སློང་ཚོགས་ཆེན་དང་གླེང་སྟེགས། འགྲེམ་སྟོན་སོགས་བྱ་འགུལ་ཞུགས་ཏེ། མཉམ་དུ་སའི་གོ་ལ་ཧྲིལ་བོའི་རང་བྱུང་སྲུང་སྐྱོབ་དང་ནམ་ཟླའི་འགྱུར་ལྡོག་སོགས་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད། 

སྤྱི་ཁྱབ་པུའུ་སུའེ་ཙེར་གྱི་ཀི་ལིང་དུ་ཡོད་པའི་འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་ནི་འཛམ་གླིང་ཡོངས་ཀྱི་གཞི་རྒྱ་ཆེས་ཆེ་བ་དང་། ལོ་རྒྱུས་ཆེས་རིང་བའི་རང་བྱུང་སྲུང་སྐྱོབ་རྩ་འཛུགས་ཤིག་ཡིན་ལ། འཛམ་གླིང་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ལས་རིགས་སུ་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།