ཀྲུང་གོ་བོད་ཀྱི་དྲ་བ།

གསང་འཕྲིན་ལས་ཁུངས་ཀྱིས་ནད་དུག་ཁུངས་འདེད་བྱེད་པ་ནི་ཚན་རིག་དང་མཐུན་ནམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནད་དུག་ཁུངས་འདེད་ནི་གཟབ་ནན་ཅན་གྱི་ཚན་རིག་གི་གནད་དོན་ཞིག་སྟེ། ཁུངས་འདེད་ཀྱི་དམིགས་ཡུལ་ནི་པྲོག་གསར་ནད་དུག་དེ་ཇི་ལྟར་དངོས་རིགས་བརྒལ་ནས་འགོས་ཁྱབ་ཏུ་འགྲོ་བར་རྒྱུས་ལོན་བྱེད་པ་དང་། དེ་དང་རིགས་མཚུངས་ཀྱི་རིམས་ནད་སླར་ཡང་ཁྱབ་ཆེན་པོས་འགོས་མཆེད་འབྱུང་བར་སྔོན་འགོག་བྱེད་པའི་ཆེད་ཡིན་པ་རེད། 2021ལོའི་ཟླ5པར། ཨ་རིའི་སྲིད་འཛིན་པའེ་ཏེང་གིས་ཨ་རིའི་གསང་འཕྲིན་ལས་ཁུངས་ལ་པྲོག་གསར་ནད་དུག་གི་ཁུངས་འཚོལ་བརྟག་དཔྱད་ཐད“སྔར་ལས་ཤུགས་སྣོན”དགོས་པ་དང་། ཉིན90ཡི་རིང་བརྟག་དཔྱད་སྙན་ཞུ་གོང་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། བྱེད་སྟངས་དེ་ནི་ཚན་རིག་དེ་བྱིས་པའི་རྩེད་མོ་ལྟ་བུ་རུ་བལྟས་པ་དང་ཁྱད་ཅི་ཡང་མེད།

ཨ་རིའི་གསང་འཕྲིན་ལས་ཁུངས་ཀྱིས་སྣེ་ཁྲིད་པའི་ནད་དུག་ཁུངས་འདེད་ཟེར་བ་ནི་ཚན་རིག་དང་འབྲེལ་བ་ཅི་ཡང་མེད།

ཚང་མས་ཤེས་གསལ་ལྟར། ནད་དུག་ཁུངས་འདེད་ནི་ཚན་རིག་གི་དཀའ་གནད་ཅིག་སྟེ། ཚན་ཞིབ་དཔུང་སྡེས་ཚན་རིག་གི་རྣམ་འགྱུར་དང་ཚན་རིག་གི་བྱེད་ཐབས། ཚན་རིག་གི་དོན་དངོས་བཅས་ལ་བརྟེན་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཁུངས་འདེད་བྱས་ན་ད་གཟོད་གནས་ཚུལ་ངོ་མ་གསལ་འདོན་བྱེད་ཐུབ་སྲིད། པའེ་ཏེང་སྲིད་གཞུང་གིས་རང་བྱུང་ཚན་རིག་གི་བརྟག་དཔྱད་ལས་འགན་ཞིག་དེའི་སྐོར་གྱི་ཉམས་མྱོང་ཅི་ཡང་མེད་པའི་གསང་འཕྲིན་ལས་ཁུངས་ལ་སྤྲད་པར་མ་ཟད་དེ་ལ་ཚད་ཡོད་ཀྱི་དུས་ཡུན་ནང་འགྲུབ་དགོས་པའི་བཀའ་ཕབ་ཡོད་ལ། ནད་དུག་ཁུངས་འདེད་དུ་འབོད་པའི་བརྟག་དཔྱད་འདིའི་རིགས་ནི་ཐོག་མ་ཉིད་ནས་ཚན་རིག་དང་རྒྱབ་ཏུ་འགལ་བ་ཞིག་རེད།

བརྟག་དཔྱད་ལས་ཁུངས་ལ་ཚན་རིག་གི་རང་བཞིན་མི་ལྡན། ཨ་རིའི་གསང་འཕྲིན་ལས་ཁུངས་ཀྱིས་སྔོན་ཆད་འཛམ་གླིང་གི་ཡུལ་གྲུ་སོ་སོར་ལྐོག་གསོད་དང་སྲིད་འགྱུར་བསླངས་མྱོང་བ་དང་། མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་ལྐོག་ཉན་བྱས་ཏེ་ཨ་རིས་དམག་འཁྲུག་སློང་བར་བདེན་དཔང་རྫུན་མ་མཁོ་འདོན་བྱས་པའི་མུན་ནག་གི་ལོ་རྒྱུས་ནི་འཛམ་གླིང་གི་མི་ཀུན་གྱིས་ཤེས་ཡོད། ཨ་རིའི་གསང་འཕྲིན་ལས་ཁུངས་དེ་བལྟས་ཚོད་ཀྱིས“མི་ནུས་པ་གང་ཡང་མེད་པ”ཞིག་ཏུ་སྣང་ཡང་། དེའི་ངོ་བོ་དང་རང་བཞིན་ནི་ཨ་རིའི་བཙན་དབང་གི་གོ་གནས་སྲུང་སྐྱོབ་བྱེད་པའི་ལག་ཆ་ཡིན་པས། མ་གཞི་ནས་གཞན་ངོས་ཀྱི་ལངས་ཕྱོགས་དང་ཚན་རིག་གི་སྙིང་སྟོབས་མི་ལྡན་པ་རེད། ཨ་རིའི་ཡེ་ལུའུ་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གི་གླིང་གཙོ་སི་ཐིང·ཝེར་མེང་ཏི་ཡིས་བཤད་རྒྱུར། “ཁོ་ཚོར(ཨ་རིའི་གསང་འཕྲིན་ལས་རིགས་ཁག)དོན་དངོས་རང་བཞིན་གྱི་སྤྱི་པའི་འཕྲོད་བསྟེན་དང་ནད་དུག་རིག་པའི་ཚོད་ལྟ་ཁང་གི་ཚན་རིག་གི་ནུས་པ་མེད་ལ། དོན་དག་འདིའི་སྟེང་ནས་ང་ཚོར་ཁུངས་སྣེའམ་ཉེན་བརྡ་གང་ཡང་འདོན་སྤྲོད་བྱེད་མི་ནུས་པའི་ལས་ཁུངས་ཤིག་ཀྱང་ཡིན།”

བརྟག་དཔྱད་བྱ་ཐབས་ལ་ཚན་རིག་གི་རང་བཞིན་མི་ལྡན། མིའི་རིགས་ཀྱི་ལོ་རྒྱུས་སྟེང་དུ་ཚན་རིག་པ་རྣམས་ཀྱིས་ད་ལྟའང་སྔར་བཞིན་རྒྱུན་ཆད་མེད་པར་ཨེ་ཙིའི་ནད་སོགས་དང་རིགས་འདྲ་བའི་ནད་རིགས་མང་པོ་ཞིག་གི་འབྱུང་ཁུངས་འཚོལ་ཞིབ་བྱེད་ཀྱིན་ཡོད་ལ། དེ་ནི་གཏན་འཇགས་མིན་པའི་རང་བཞིན་ཅན་ཞིག་ཡིན་པ་རེད། པྲོག་གསར་གློ་ཚད་རིམས་ནད་དེ་འཛམ་གླིང་ཡོངས་སུ་ཁྱབ་ཡོད་ཅིང་། སྔོན་ཆད་ཀྱི་ནད་དུག་ཁུངས་འདེད་ཀྱི་ཉམས་མྱོང་ལྟར་ན་པྲོག་གསར་ནད་དུག་ཐད་ཚན་རིག་དང་མཐུན་པའི་ནད་དུག་ཁུངས་འདེད་བྱེད་པར་རྙོག་འཛིང་ལྡན་ཞིང་། ཁྱབ་ཆེ་ལ་གཏིང་ཟབ་པའི་ཚན་རིག་ཞིབ་འཇུག་གི་བརྒྱུད་རིམ་ཞིག་བརྒྱུད་དགོས་པས། གོ་ལ་ཧྲིལ་པོར་གཞི་བཙུགས་ཏེ་འཛམ་གླིང་གི་རིག་ཚན་མང་པོའི་ཆེད་མཁས་པ་རྣམས་མཉམ་འབྲེལ་གྱིས་འགག་སྒོ་འདི་བརྟོལ་དགོས་པ་ཞིག་རེད། ཨ་རིའི་སྲིད་འཛིན་པའེ་ཏེང་གིས་ཨ་རིའི་གསང་འཕྲིན་ལས་ཁུངས་ལ་ཉིན90ཡི་ནང་བརྟག་འབྲས་སྟོན་དགོས་པའི་བཀའ་ཕབ་པ་ནི། ཚན་རིག་དང་མཐུན་པའི་སྒོ་ནས་ཁུངས་འདེད་པ་དེ་ཉིན90ཡི་ནང་དུ་འགྲུབ་ཐུབ་མིན་ཐད་བསྡུར་དཔྱད་ཅི་ཡང་བྱས་མེད་པ་དང་། དེ་ནི་སྲིད་ཚོང་པའི་དབང་ཤུགས་ལ་བརྟེན་ནས་ང་རྒྱལ་གྱིས་ཚན་རིག་གི་རང་བྱུང་ཆོས་ཉིད་ལ་རྒོལ་བའི་སྤྱོད་ཚུལ་དུ་ཟད་ཅིང་། རྩ་བའི་སྟེང་ནས་ཚན་རིག་ལ་མཐོང་ཆུང་བྱས་པ་དང་ཆབ་སྲིད་བསྒྱུར་བཀོད་ཀྱིས་ཁུངས་འདེད་བྱེད་པའི་གཡོ་ཇུས་སྦྱོར་ངན་ཞིག་རེད།

ཨ་རིའི་གསང་འཕྲིན་ལས་ཁུངས་ཀྱིས་སྣེ་ཁྲིད་པའི་ནད་དུག་ཁུངས་འདེད་ཟེར་བ་ནི་ཆབ་སྲིད་ཀྱི་སྦྱོར་ངན་ཞིག་རེད།

ཨ་རིར་ཡང་བསྐྱར་པྲོག་གསར་གློ་ཚད་རིམས་ནད་ཆེས་ཆེར་འཕར་བཞིན་ཡོད། ཨ་རིའི་རྒྱལ་ཁབ་འཕྲོད་བསྟེན་ཞིབ་འཇུག་གླིང་གི་གླིང་གཙོ་ཧྥུ་ལིང་ཞི་སི·ཁོ་ལིན་སི་ཡིས་ཚེས8ཉིན་ཨ་རིའི་རྒྱང་སྒྲོག་ཀུང་སིའི“གཟའ་འཁོར་འདིའི”ལེ་ཚན་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་རིས་ཏི་ཨེར་ཐཱ་ནད་དུག་འགོས་ཁྱབ་ཀྱི་པྲོག་གསར་ནད་དཔེ་ཇེ་མང་དུ་འགྲོ་བ་འགོག་པའི་གནད་དོན་ཐད“ཕམ་ཁ་བྱུང”ཡོད་པར་མ་ཟད། “ད་ལྟ་དེ་ལ་འཇིགས་ཡེར་བའི་རིན་ཚབ་སྤྲོད་བཞིན”ཡོད། ཐད་ཀར་དུ་གསང་འཕྲིན་ལས་ཁུངས་ལ་བཀའ་ཕབ་ནས་ནད་དུག་ཁུངས་འདེད་བྱེད་དུ་བཅུག་པ་ནི། ཨ་རིའི་སྲིད་ཚོང་པས་ཀྲུང་གོར་སྐྱོན་འགེལ་བའི་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་ཕྱིར་མི་ལས་དགུ་ལས་བྱེད་ཀྱིན་པ་གསལ་བཤད་བྱས་པ་ཙམ་རེད།

ཨ་རིའི་སྲིད་ཚོང་པས་ཀྲུང་གོར་སྐྱོན་འགེལ་བྱས་པར་བརྟེན་ནས་རང་གི་རྒྱལ་ཁབ་ནང་ཁུལ་གྱི་འགལ་རྩོད་ཟིང་འཁྲུག་ཞི་བར་བྱེད་འདོད་པ་དེ་རེད། ཨ་རིའི་རིམས་ནད་འགོག་བཅོས་དེ་ཐོག་མ་ཉིད་ནས་ཏང་ཁག་འཐབ་རྩོད་ཀྱི་ཚབ་རྫས་སུ་གྱུར་ཞིང་། མ་རྩ་བླ་ན་མེད་པ་དེ་ཚེ་སྲོག་བླ་ན་མེད་པ་ལས་ཀྱང་མཐོ་བ་དང་། སྲིད་ཏང་གི་ཁེ་ཕན་ནི་དམངས་ཀྱི་ཁེ་ཕན་ལས་མཐོ་བའི་རྒྱུ་རྐྱེན་འདི་དག་གིས་ཨ་རིར་རིམས་ནད་ཀྱིས་བསྐྱེད་པའི་སྤྱི་པའི་འཕྲོད་བསྟེན་གྱི་ཉམས་ཉེན་གདོང་དུ་ལེན་པའི་ནུས་པ་མེད་པ་ཐག་གཅོད་བྱས་ཡོད། རིམས་ནད་ཀྱི་འོག་ཏུ། ཕྱོགས་གཅིག་ནས་ཨ་རིའི་ཕྱུག་པོ་རྣམས་ཀྱི་ཡོང་འབབ་གློ་བུར་དུ་འཕར་བ་དང་། ཕྱོགས་གཞན་ཞིག་ནས་ཨ་རིའི་དབུལ་པོ་རྣམས་ཀྱིས་དངུལ་ལོར་འགྲེམ་ཐལ་གྱི་དཀའ་སྡུག་ཟབ་མོ་མྱོང་བཞིན་ཡོད། ཨ་རིའི་སྲིད་གཞུང་དེ་མགྱོགས་མྱུར་ཚབས་ཆེར་འགྲོ་བའི་ནོར་སྲིད་སྨར་ཡིག་གི་ཉེན་ཁར་ལྷུང་ནས། ཨ་རིའི་སྤྱི་ཚོགས་དེ་རིམ་གྲས་དང་རིགས་རྒྱུད། ས་ཁུལ། རབས་ཁྱད་སོགས་ཕྱོགས་སོ་སོ་ནས་སྤྱི་ཚོགས་ཐོར་ཞིག་ཏུ་འགྲོ་ཚུལ་མུ་མཐུད་དུ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། མེ་མདའི་དྲག་སྤྱོད་ཚབས་ཆེ་བ་དང་ཉེས་བསགས་ཚད་སོགས་ཇེ་མཐོར་འགྲོ་བཞིན་ཡོད། ཨ་རིའི་སྲིད་ཚོང་པའི་དམིགས་བྱ་ནི་གསང་འཕྲིན་ལས་ཁུངས་ཀྱི་ཆབ་སྲིད་ཀྱི་སྦྱོར་ངན་བརྒྱུད་དེ། “པྲོག་གསར་ནད་དུག་གི་འབྱུང་ཁུངས”ཀྲུང་གོའི་མགོར་གཡོ་འགེལ་བྱེད་པ་དང་། དེ་ལ་བརྟེན་ནས་རྒྱལ་ནང་གི་འགལ་ཟླ་སྤོ་སྒྱུར་བྱེད་པ་དང་མི་དམངས་ཀྱིས་སྲིད་གཞུང་ལ་བཟུང་བའི་ལྟ་ཚུལ་ངན་པ་ཇེ་ཉུང་དུ་གཏོང་བསམ་པ་རེད།

ཨ་རིའི་སྲིད་ཚོང་པས་ཀྲུང་གོར་སྐྱོན་འགེལ་བྱས་ཏེ་འཛམ་གླིང་ལ་ཉེན་ཁ་སྤྲོད་པར་འགེབ་སྲུང་བྱེད་འདོད་པ་རེད། རྒྱལ་ནང་གི་ཏང་ཁག་གཉིས་དང་རྒྱལ་སྤྱིའི་མནའ་འབྲེལ་བར་གྱི་འཐོར་ཞིག་འདུམ་ཐུབ་ཡོང་བའི་ཆེད་དུ། ཨ་རི་སྲིད་གཞུང་གིས“ཀྲུང་གོར་རྒོལ་བ”དེ“འབེན”ལེགས་པོ་ཞིག་ཏུ་བསམ་ཡོད། ཨ་རིའི་སྲིད་ཚོང་པའི་དམིགས་བྱ་ནི“ནད་དུག་འབྱུང་ཁུངས”ཀྱི་ཞྭ་ནག་བསྐོན་པའི་ཆེད་དུ་ཀྲུང་གོར“ལེ་བདའ”བྱེད་པར་ཁ་གཡར་ནས། མནའ་འབྲེལ་ཁག་དང་མཉམ་འབྲེལ་སྒོས་ཀྲུང་གོར་ཆབ་སྲིད་དམག་འཐབ་དང་གླེང་ཕྱོགས་ཀྱི་དམག་འཐབ། གསང་འཕྲིན་གྱི་དམག་འཐབ་སྤེལ་འདོད་པ་དེ་རེད། འདི་ལྟར་བྱས་ན་ཀྲུང་གོ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བར་བཀག་འགོག་བྱེད་པའི་དམིགས་ཡུལ་ངན་པ་མངོན་དུ་འགྱུར་ཞིང་། ཨ་རིས་རྒྱུན་གཏན་ལས་བརྒལ་བའི་དངུལ་ལོར་མང་འགྲེམས་ཀྱི་བྱེད་ཕྱོགས་སྤྱོད་པ་དང་། འཛམ་གླིང་ཡོངས་ལ་དངུལ་ལོར་འགྲེམ་ཐལ་བྱེད་པའི་དོན་དངོས་ཀྱང་འགེབ་སྲུང་བྱེད་ཆོག་པ་རེད།

ཨ་རིའི་གསང་འཕྲིན་ལས་ཁུངས་ཀྱིས་ནད་དུག་ཁུངས་འདེད་ཆེ་རུ་སྤེལ་བ་དེས། ལྡོག་སྟེ་ཨ་རི་སྲིད་གཞུང་གིས་ནང་ཁུལ་དུ་རང་རྒྱལ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོབ་བྱེད་པའི་རྒྱལ་ཁབ་ཀྱི་འགན་ཁུར་མ་ཐེག་པ་དང་། ཕྱི་ཕྱོགས་སུ་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ལ་ཡོད་དགོས་པའི་རྒྱལ་སྤྱིའི་འོས་འགན་མ་ཐེག་པ་གསལ་སྟོན་བྱས་ཡོད།

ཨ་རིའི་གསང་འཕྲིན་ལས་ཁུངས་ཀྱིས་སྣེ་ཁྲིད་པའི་ནད་དུག་ཁུངས་འདེད་ཟེར་བ་དེས་གཞན་སྨད་ཅིང་རང་ཉིད་བརླག་བཞིན་ཡོད།

ཨ་རིའི་གསང་འཕྲིན་ལས་ཁུངས་ཀྱིས་སྣེ་ཁྲིད་པའི་ནད་དུག་ཁུངས་འདེད་ཟེར་བ་ནི་ཨ་རིས་ཀྲུང་གོར་བསམ་གནག་པའི་ཆབ་སྲིད་ཀྱི་ལག་ཆ་ཞིག་སྟེ། ནད་དུག་ཁུངས་འདེད་དེ་ཆེད་ལས་ཀྱི་གནད་དོན་ཞིག་ནས་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད། བྱེད་ཕྱོགས་འདིས་ཨ་རིས་རིམས་ནད་འགོས་མཆེད་འགོག་སྲུང་བྱེད་པར་རམ་འདེགས་བྱེད་མི་ཐུབ་པར་མ་ཟད། རྒྱལ་སྤྱིའི་མཉམ་འབྲེལ་རིམས་འགོག་ལའང་གནོད་པ་བྱས་པས། མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཆེན་པོ་ཞིག་སྐྲུན་བཞིན་ཡོད་པ་རེད།

རིམས་ནད་བྱུང་བ་ནས་བཟུང་། ཨ་རིར་བསྡོམས་པས་ནད་དཔེ་དེ་ལས་ཤི་བའི་མི་གྲངས་ཁྲི64ལྷག་བྱུང་ཡོད། ཨ་རིའི་སྲིད་ཚོང་པས་རིམས་ནད་སྔོན་འགོག་ལ་ཤུགས་ཇི་ལྟར་རྒྱག་པར་བསམ་བློ་མི་གཏོང་བར། གསང་འཕྲིན་ལས་ཁུངས་དང་དཔུང་བསྡེབས་ནས་ཀྲུང་གོར“འདག་ཕྱེའི་དོན་རྐྱེན”དང“མགོ་རྨོག་དཀར་པོའི་བརྙན་རིས”བཟོ་བར་བྲེལ་ཞིང་། དེས་རང་སྟེང་གི་གནད་དོན་སྣ་ཚོགས་འགེབ་བཞིན་ཡོད་པ་རེད། འདི་ལྟ་བུའི་རང་གིས་རང་ལ་བརྙས་པའི་བྱེད་སྟངས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཨ་རིའི་སྲིད་ཚོང་པའི་ཚུལ་འཆོས་དང་གཡོ་རྩུབ་སྔར་བས་ཇེ་གསལ་དུ་བསྟན་པ་ཁོ་ནར་ཟད། 2019ལོར། ཨ་རིར་གཞི་རྒྱ་ཆེ་བའི་གློག་རྡུལ་དུ་བའི་གློ་ཚད་བྱུང་སྟེ་ཏི་ཐེ་ལི་ཁོ་པའོ་སྐྱེ་དངོས་ཚོད་ལྟ་ཁང་ཡང་སྒོ་བརྒྱབ་པ་རེད། ཨ་རིའི་མང་ཚོགས་མང་པོ་ཞིག་གིས་སྤྱི་འབྲེལ་སྟེགས་བུ་རུ་རང་ཉིད་ལ་སྔ་མོ་ནས་པྲོག་གསར་གློ་ཚད་འགོས་ཡོད་པར་བརྗོད་ལ། དབང་གྲགས་ལྡན་པའི་ལས་ཁུངས་མང་པོ་ཞིག་གིས་ཀྱང2019ལོ་ནས་ཨ་རིར་ནད་དུག་འདི་ཐོན་ཡོད་པར་བཤད། ནད་དུག་ཁུངས་འདེད་ཀྱི་གནད་དོན་ཐད་ནས། ཨ་རི་རང་སྟེང་དུ་དོགས་པ་ཤིན་ཏུ་ཆེ་ཡང་། ཨ་རི་སྲིད་གཞུང་གིས་དེ་ལ་སྦེད་གསང་གང་ཐུབ་བྱེད་ཀྱིན་ཡོད་པར་མ་ཟད། ཨ་རི་སྲིད་གཞུང་གིས“ཁུངས་འདེད་དྲག་སྤྱོད་རིང་ལུགས”ཟེར་བ་སྤེལ་ཏེ། ཕྱོགས་གཅིག་ནས་གསང་འཕྲིན་ལས་ཁུངས་ཀྱིས་སྣེ་ཁྲིད་པའི་ནད་དུག་ཁུངས་འདེད་ལ་སྐུལ་འདེད་ཚ་ནན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཆེད་ལས་སྙིང་སྟོབས་ལྡན་པའི་ཚན་རིག་པ་མང་པོ་ཞིག་ལ་འཇིགས་སྐུལ་དང་གཡོ་འགུག དྲག་གནོན་སོགས་བྱས་ཏེ། དེ་ཉིད་ཀྱི་བྱ་བའི་ཚན་རིག་རང་བཞིན་ལ་དོགས་སློང་གི་བསམ་པ་བསྐྱེད་པར་བྱས་ཡོད།

ཨ་རིས་ནད་དུག་ཁུངས་འདེད་ཀྱི་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་བ་ནི། རང་སྟེང་གི་རིམས་འགོག་ཕམ་ཉེས་ཀྱི་འོས་འགན་གཡོལ་བ་དང་ཀྲུང་གོའི་འཕེལ་རྒྱས་ལ་དྲག་གནོན་དང་བཀག་འགོག་བྱེད་ཆེད་ཁ་གཡར་ས་འཚོལ་ཐབས་བྱེད་པའི་ཆབ་སྲིད་ཀྱི་གཡོ་སྒྱུ་ཞིག་ལས་མ་འདས། འདི་ལྟ་བུའི་ཆབ་སྲིད་གཡོ་ཇུས་ཀྱིས་རྒྱལ་སྤྱིའི་མཉམ་འབྲེལ་རིམས་འགོག་ལ་སྔར་བས་གཏོར་བརླག་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་ཤེས་ཡོན་པ་མང་པོས་ཀྱང་ཨ་རིས་ཕྲག་ཏུ་ཡོད་པའི་འོས་འགན་ཐེག་དགོས་པ་དང་། འཛམ་གླིང་གི་རྒྱལ་ཁབ་གཞན་དག་དང་མཉམ་དུ་སྣེ་མང་པོ་དང་ཕྱོགས་མང་པོ། ལངས་གཟུགས་ཁུངས་འདེད་བཅས་བྱེད་དགོས་པར་འབོད་སྐུལ་གཏོང་བཞིན་ཡོད། དཔེར་ན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཨ་རིར་གདན་འདྲེན་ཞུས་ཏེ་ཁུངས་འདེད་བརྟག་དཔྱད་བྱེད་པ་དང་། ལྷག་པར་ཏུ་ཏི་ཐེ་ལི་ཁོ་པའོ་སྐྱེ་དངོས་ཚོད་ལྟ་ཁང་དང་བྱང་ཁ་ལུའོ་ལེ་ན་སློབ་ཆེན་དུ་བརྟག་དཔྱད་བྱེད་པ་ལྟ་བུ།

རིམས་ནད་ད་དུང་མཆེད་བཞིན་ཡོད་པས་མཉམ་འབྲེལ་རིམས་འགོག་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། ཨ་རིས་བསམ་གཟས་ནས་གསང་འཕྲིན་ལས་ཁུངས་ལ་ནད་དུག་ཁུངས་འདེད་ཟེར་བ་སྤེལ་དུ་བཅུག་ནས། ཚན་རིག་གི་རྩ་དོན་ལ་བརྩི་འཇོག་མི་བྱེད་པ་དང་། སྤྱི་རྟོན་ནུས་པ་གཏན་ནས་མེད་པར་བྱས་ན། རང་སྟེང་ན་ནག་ཉེས་མང་བའི་འགྲོ་མིའི་བདག་དབང་གི་ཟིན་ཐོའི་སྟེང་དུ་ནག་ནོག་གསར་པ་སྣོན་སྲིད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།