ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སིའི་ཡོན་ཏུང་གི་གསར་སྤེལ་བྱ་བ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་གཉིས་ཉིན་བཤད་རྒྱུར། ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱི་གསར་སྤེལ་འཆར་གཞི་ལག་བསྟར་བྱས་མ་ཐག་ཡིན་པ་དང་། བྱ་བ་དེ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་ལས། བླངས་ཟིན་པའི་གྲུབ་འབྲས་སྟེང་མཚམས་འཇོག་མི་རུང་ཟེར། 

བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་ནས་ཡོན་ཏུང་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། ཡོན་ཏུང་ས་ཁུལ་ལ་སྦས་ཤུགས་ཆེན་པོ་ཡོད་པ་དང་། ཨུ་རུ་སིར་མཚོན་ན་དོན་སྙིང་གལ་ཆེན་ལྡན། ཡོན་ཏུང་ས་ཁུལ་གྱི་གསར་སྤེལ་འཆར་གཞིར་གྲུབ་འབྲས་མངོན་གསལ་ཐོབ་ཡོད། སྣང་ཚུལ་བཟང་བོ་དེ་སྲུང་འཛིན་བྱེད་ཆེད་ལུགས་མཐུན་ཡིན་ཞིང་ཁ་ཕྱོགས་གསལ་བའི་བྱ་བ་སྤེལ་དགོས་ཟེར། 

ཨུ་རུ་སིའི་ཙུང་ལི་གཞོན་པ་དང་ཡོན་ཏུང་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་དུ་སྡོད་པའི་ཙུང་ཐུང་གི་སྐུ་ཚབ་འཐུས་མི་ཐི་ལུའུ་ཐི་ནེ་ཧྥུའུ་ཡིས་ཉིན་དེར་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཡོན་ཏུང་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་རྒྱལ་ནང་གི་སྤྱིའི་ཐོན་རིན་ལྡབ་གཅིག་འཕར་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་རིང་དུ་བརྒལ་ཡོད། བཟོ་ལས་ཐོན་སྐྱེད་ཀྱི་དམིགས་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ལྡབ་གཅིག་གིས་མཐོ་བ་དང་། རིམ་བརྩིས་ཀྱི་དངུལ་གཏོང་གཞི་རྒྱ་མེ་སྒོར་ཐེར་ཆེན་བརྒྱད་ལ་བསླེབ་ཡོད། ཁེ་ལས་བཞི་བརྒྱ་དང་བཅུ་བདུན་གསར་དུ་བཙུགས་ཏེ། བྱ་བའི་ལས་གནས་ཁྲི་བརྒྱད་དང་སྟོང་གཅིག་གསར་དུ་བསྐྲུན་ཡོད་ཟེར།

ཉེ་བའི་ལོ་འགའི་རིང་ལ། ཨུ་རུ་སིའི་སྲིད་གཞུང་གིས་ཡོན་ཏུང་གསར་སྤེལ་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱས་པ་དང་། ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་རང་དབང་གྲུ་ཁ་དང་གསར་སྤེལ་ས་ཁུལ་རབ་དང་རིམ་པ་འཛུགས་སྐྲུན་གང་ལེགས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་དངུལ་གཏོང་ནང་འགུག་བྱས་ནས། ཡོན་ཏུང་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་འཕེལ་རྒྱས་མངོན་འགྱུར་འབྱུང་བར་སྐུལ་འདེད་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།